གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་སུའེ་ཙེར་དབར་གྱི་མཛའ་གྲོགས་མུ་མཐུད་བསྐྱངས་པ།
ད་ལོའི་ཟླ་བརྒྱད་པར་ཀྲུང་གོ་དང་སུའེ་ཙེར་དབར་རང་མོས་ཚོང་དོན་གྲོས་མཐུན་རིམ་སྤོར་གྱི་གྲོས་མོལ་ལེགས་གྲུབ་བྱུང་བའི་ཁྱབ་བསྒྲགས་བྱས་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱི་ཐུགས་ཁུར་དང་སྐུལ་འདེད་འོག་ཕྱོགས་གཉིས་པོས་རང་རང་སོ་སོའི་ནང་ཁུལ་གྱི་བྱ་རིམ་ལག་ལེན་བསྟར་ཏེ་རང་མོས་ཚོང་དོན་གྲོས་ཆོད་རིམ་སྤོར་གྱི་གྲོས་ཆོད་ཡི་གེར་མིང་རྟགས་འགོད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། ད་ལོ་ཀྲུང་གོ་དང་སུའེ་ཙེར་དབར་གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་10ཏག་ཏག་འཁོར་ཞིང་། མིག་སྔའི་སྲུང་སྐྱོང་རིང་ལུགས་རྒྱ་ཡན་དུ་འགྲོ་བའི་རྒྱབ་ལྗོངས་འོག་ཀྲུང་གོ་དང་སུའེ་ཙེར་དབར་གྱི་འཐབ་ཇུས་གདམ་ག་ལས་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་པའི་དགེ་མཚན་ལྡན་པའི་བརྡ་རྟགས་བསྟན་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔོན་དུ་སྐྱོད་ཕོད་པ་དང་གསར་འབྱེད་གསར་གཏོད་བྱེད་པའི་ཁྱད་ཆོས་མངོན་གསལ་དོད་པོ་གང་ལེགས་མངོན་ཡོད།
སུའེ་ཙེར་ནི་ཀྲུང་གོ་གསར་པ་ཁས་ལེན་མཁན་ནུབ་ཕྱོགས་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་ཤིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་76སོང་རིང་། རྒྱལ་ཁབ་གཉིས་པོས“འདྲ་མཉམ་དང་། གསར་གཏོད། གཉིས་ཕན་བཅས་ཡོང་བའི”ཀྲུང་གོ་དང་སུའེ་ཙེར་གྱི་མཉམ་ལས་སྙིང་སྟོབས་སྐྱེད་སྲིང་བྱས་པས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བའི་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2017ལོར་སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་གནང་རྗེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་མགྱོགས་པའི་དུས་མཚམས་གསར་པར་སླེབས་ཏེ་ཕྱོགས་གཉིས་པོའི་མཐོ་རིམ་འགྲོ་འོང་དམ་ཟབ་བྱུང་ནས་ཕྱི་འབྲེལ་དང་། དཔལ་འབྱོར་ཚོང་དོན། དངུལ་རྩ། རྒྱལ་སྲུང་། ཚན་རིག་སློབ་གསོ་སོགས་ཀྱི་ཁྱབ་ཁོངས་ཐད་ལམ་སྲོལ་རང་བཞིན་གྱི་སྐད་ཆ་ཤོད་རེས་བདེ་བླག་བྱུང་ལ། སུའེ་ཙེར་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་བས། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད།
ཀྲུང་གོ་དང་རང་མོས་ཚོང་དོན་གྱི་གྲོས་མཐུན་ལ་མིང་རྟགས་འགོད་མཁན་ཡོ་རོབ་ཀྱི་སྐམ་ས་ཆེ་མོའི་རྒྱལ་ཁབ་ཐོག་མ་ཡིན་པའི་སུའེ་ཙེར་གྱིས་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་པ་དེ་དུས་ཡུན་རིང་པོར་ནུབ་ཕྱོགས་རྒྱལ་ཁབ་གཞན་གྱི་མདུན་གྲལ་དུ་བསྐྱོད་ཡོད། སུའེ་ཙེར་ནི་ཀྲུང་གོའི་ཁྲོམ་རའི་དཔལ་འབྱོར་གྱི་གནས་བབ་རྦད་དེ་ཁས་ལེན་མཁན་ཡོ་རོབ་ཀྱི་རྒྱལ་ཁབ་ཐོག་མ་དེ་ཡིན་ལ། ཨེ་ཤེ་ཡའི་མ་འཇོག་དངུལ་ཁང་གི་འདོད་མོས་གསར་གཏོད་ཁོངས་མིའི་རྒྱལ་ཁབ་ཏུ་གྱུར་པའི་ཡོ་རོབ་ནུབ་མའི་རྒྱལ་ཁབ་ཁག་དང་པོ་དེའང་ཡིན། ད་ཆ་སུའེ་ཙེར་གྱི་ཁེ་ལས་ཆིག་སྟོང་ལྷག་ཙམ་གྱིས་ཀྲུང་གོའི་ཁྲོམ་རར་ཧུར་ཐག་ཞུགས་པར་རིམ་རྩིས་བརྒྱབ་ན་ཀྲུང་གོར་མ་འཇོག་བྱས་པའི་རྣམ་གྲངས་2600ལྷག་ཙམ་ཟིན་པ་དང་དངོས་སུ་མ་འཇོག་ཨ་སྒོར་དུང་ཕྱུར་120ལས་བརྒལ་ཡོད། ཀྲུང་གོ་འདི་ཉིད་ལོ་12བསྟུད་མར་སུའེ་ཙེར་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་གསུམ་པར་བརྟན་པོ་གནས་ལ། 2026ལོའི་ལོ་སྟོད་དུ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་651.4ཙམ་ཟིན་ནས་འཕར་ཚད་ཆེན་པོ་བྱུང་ཡོད། རྒྱལ་ཁབ་གཉིས་པོའི་རིམ་སྤོར་གྱི་རང་མོས་ཚོང་དོན་གྲོས་མཐུན་གྱི་ནུས་པ་དངོས་སུ་ཐོན་རྗེས། ཕྱོགས་གཉིས་པོའི་སྒོ་ཁྲལ་འཇལ་མི་དགོས་པའི་དངོས་ཟོག་ནང་འདྲེན་གྱི་བསྡུར་ཚད་99%ལས་བརྒལ་ནས་ཞབས་ཞུའི་ཚོང་དོན་དང་མ་འཇོག་ཁྱབ་ཁོངས་སུ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་གཉིས་པོའི་སྒོ་མོ་ཕྱེ་ཐུབ་ནས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་རིན་ཐང་དེ་བས་ཆེ་བ་གཏོད་པ་དང་སྤྱི་ཚོགས་ལ་བདེ་སྐྱིད་སྐྲུན་པར་ཞབས་འདེགས་ཞུ་རྒྱུ་ཡིན་པས། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་འཕེལ་རྒྱས་ཡོང་བའི་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
ཀྲུང་གོ་དང་སུའེ་ཙེར་དབར་གྱི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་བྱུང་བའི་རྩ་བའི་རྒྱུ་རྐྱེན་ནི་ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་བྱས་ཁར། སྤེལ་རེས་དང་སྐད་ཆ་ཤོད་རེས་བྱས་ནས་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་མཐུན། གཉིས་ཕན་གཉིས་ཁེ་བཅས་ཡོང་བ་བྱེད་པར་ཐུག་ཡོད། དེས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བྱུང་བ་མ་ཟད། འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཡང་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་གསར་གཏོད་ཐུབ་ནས་ཀྲུང་གོ་དང་སུའེ་ཙེར་དབར་གྱི་མཉམ་ལས་ལ་སྔར་བས་རྒྱ་ཆེ་བའི་བར་མཐོངས་ཤིག་གཏོད་ཐུབ་ཡོད།
(རྩོམ་པ་པོ་ཀྲུང་གོར་བཅའ་སྡོད་སུའེ་ཙེར་གྱི་གཞུང་ཚབ་ཆེ་མོ་བ་ཡིན)
འབྲེལ་ཡོད་གསར་འགྱུར།