དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཀྱི་ཚད་གཞི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ།

    ​ནད་རོགས་ཞབས་ཞུར་འགན་སྲུང་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-31

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཆོག་མཆན་སྤྲད་ནས་ཁྱབ་བསྒྲགས་བྱས་པའི《སྤྱི་ཚོགས་ཅན་གྱི་སྨན་བསྟེན་ནད་རོགས་ཞབས་ཞུའི་གཞི་རྩའི་བླང་བྱ》ཡི་རྒྱལ་ཁབ་ཀྱི་ཚད་གཞི(GB/T 47801-2026)ཟླ་11ཚེས་1ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་དེར་ནད་རོགས་ཞབས་ཞུ་བྱེད་མཁན་དང་། ཞབས་ཞུའི་ནང་དོན། ཞབས་ཞུའི་བརྒྱུད་རིམ་སོགས་ཕྱོགས་ཁག་ལ་ཁྱབ་པའི་ཞབས་ཞུའི་སྒྲོམ་གཞི་བཟོས་ཡོད་པ་རེད།

    སྤྱི་ཚོགས་ཅན་གྱི་ནད་རོགས་ཞབས་ཞུ་སུ་ཡིས་མཁོ་འདོན་བྱེད་དམ།

    རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་གཞིར་བཟུང་། སྤྱི་ཚོགས་ཅན་གྱི་ནད་རོགས་ཞབས་ཞུ་སྒྲུབ་མཁན་ནི“སྒྲིག་གཞི”ཡིན་ཞིང་། སྒྲིག་གཞིའི་ནད་རོགས་ཞབས་ཞུ་བས(སྨན་བསྟེན་རོགས་པ)ཐད་ཀར་ཞབས་ཞུ་བྱ་ཡུལ་ལ་ནད་རོགས་ཞབས་ཞུ་བྱེད་དགོས་ཀྱི་ཡོད། ཞབས་ཞུ་བྱ་ཡུལ་ནི་འགྲོ་སྐྱོད་དང་། ཤེས་ཚད། ས་ཁོངས་བར་ཁྱད་སོགས་ཀྱིས་རྐྱེན་པས་སྨན་བཅོས་བྱེད་པར་སྟབས་བདེ་མེད་པའི་རིགས་དང་ཡང་ན་དེ་བས་ལེགས་པའི་སྨན་བཅོས་བྱེད་མཁན་མི་སྒེར། སྒྲིག་གཞིར་སྤྱི་ཚོགས་ཅན་གྱི་ནད་རོགས་ཞབས་ཞུ་བྱས་པ་ལས་ཁེ་ཕན་རག་གི་ཡོད་པ་རེད།

    ནད་རོགས་ཞབས་ཞུར་ནང་དོན་གང་དག་ཚུད་ཡོད་དམ།

    ཞབས་ཞུ་བྱ་ཡུལ་ལམ་ཡང་ན་དེའི་ཁྲིམས་བཀོད་ལྟ་སྐྱོང་བས་མོས་མཐུན་བྱས་པ་བརྒྱུད། སྨན་བསྟེན་རོགས་པས་བང་བསྒྲིགས་ནས་སྔོན་མངགས་ཨང་ཀི་བཀག་ཆོག་པ་དང་། སྔོན་མངགས་བརྟག་དཔྱད། བརྟག་དཔྱད་གྲ་སྒྲིག རྐུབ་སྟེགས་འཁོར་ལོ་ཅན་དང་། ནད་གཡོག་ཉལ་ཁྲི། ཁ་རས་སྤྱོད་གཅིག་མ་སོགས་གཞི་རྩའི་སྨན་བཅོས་མཁོ་ཆས་ཚབ་ཉོའམ་ཚབ་ལེན་བྱེད་ཆོག ཞབས་ཞུ་བྱ་ཡུལ་དམིགས་བཙུགས་ས་ཁོངས་དཔེར་ན་སྨན་བཅོས་ཚན་ཁག་དང་། བརྟག་དཔྱད་ཁང་། སྨན་བཅོས་བྱེད་ས་བཅས་ལ་ཁྲིད་རོགས་བྱེད་པ། ནད་པར་བརྟག་དཔྱད་མ་དཔེ་སྐྱེལ་རོགས་དང་། སྨན་རྫས་དང་བརྟག་དཔྱད་བྱས་འབྲས་ལེན་རོགས། སྨན་པའི་མངག་བྱ་ཟིན་ཐོར་འགོད་པ། ནད་ཐོ་དང་བརྟག་དཔྱད་དཔང་ཡིག་སོགས་སྨན་བཅོས་ཡིག་ཆ་ཚབ་ལེན་དང་བསྐྱར་དཔར། སྨན་ཁང་དུ་སྡོད་པ་དང་སྨན་ཁང་ནས་དོན་པའི་འགྲོ་ལུགས་གཉེར་བ་དང་གྲོན་དངུལ་སྤྲོད་པ། སྨན་བཅོས་སྐབས་ཀྱི་འཚོ་བའི་ཐད་རམ་འདེགས་བྱེད་པ་དཔེར་ན་འགྲིམ་འགྲུལ་ཡོ་བྱད་དང་བཟའ་བཏུང་སྔོན་མངག་དང་གནས་སྐབས་ཅ་དངོས་ཉར་བ་སོགས་ལྟ་བུ། གཞན་ཡང་སྨན་བཅོས་བྱེད་རིང་སེམས་གསོ་གཏོང་རོགས་བྱེད་པ་བཅས་རེད།

    སྨན་བསྟེན་རོགས་པའི་ཞབས་ཞུ་གང་དག་སྒྲིག་འགལ་དུ་གཏོགས་སམ།

    སྨན་བསྟེན་རོགས་པ་ནི་སྨན་དོན་མི་སྣ་མིན་པས་བརྟག་དཔྱད་བྱས་འབྲས་ལ་བརྡར་ཤ་གཅོད་མི་ཆོག་པ་དང་། སྨན་བཅོས་ནང་ཞུགས་མི་ཆོག་པ། སྨན་བཅོས་ཀྱི་གྲོས་འགོ་འདོན་མི་རུང་། ཞབས་ཞུ་བྱ་ཡུལ་ལ་སྨན་གཏོང་གི་ཇུས་གཞི་ལེགས་སྒྲིག་བྱེད་མི་ཆོག ཞབས་ཞུ་བྱ་ཡུལ་ལམ་ཡང་ན་ཁྱིམ་མིའི་ཚབ་ཞུས་ནས་སྨན་བཅོས་ཀྱི་ཇུས་གཞི་འདེམས་པའམ་ཡང་ན་མོས་མཐུན་བྱེད་མི་ཆོག ཞབས་ཞུ་བྱ་ཡུལ་གྱི་སྨན་བཅོས་ཆ་འཕྲིན་གལ་ཆེན་སྦ་གསང་དང་། འཆོས་སྒྱུར། གདམ་གསེས་རང་བཞིན་བཅས་བྱེད་མི་ཆོག ཞབས་ཞུ་བྱ་ཡུལ་གྱི་ཚབ་བྱས་ནས་བཅའ་ཁྲིམས་ཀྱི་ཕན་ནུས་ལྡན་པའི་སྨན་བཅོས་ཀྱི་ཡིག་ཆར་མིང་རྟགས་འགོད་མི་ཆོག་པ་བཅས་རེད།

    སྨན་བསྟེན་རོགས་པས་ནད་པར་ཞབས་འདེགས་ཞུ་སྐབས། ཞབས་ཞུའི་སྤུས་ཚད་ལ་འགན་ལེན་ཡོད་པ་དང་ཚད་ལས་མི་བརྒལ་བའི་འགན་ལེན་ཇི་ལྟར་བྱེད་དགོས་སམ།

    ཏེང་ཡུང་གིས་གྲོས་འགོ་བཏོན་དོན། སྨན་ཁང་གིས་སྨན་བསྟེན་རོགས་པར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས“ཆོག་འཐུས་ཐོ་འགོད་སྙན་སེང་དང་། བྱ་སྤྱོད་ཐད་ཀྱི་དོ་དམ་ཚོད་འཛིན། ཡོངས་བསྒྲགས་ལྟ་སྐུལ”བཅས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཟོ་དགོས་ཤིང་། དེའི་ནང་གཅིག་གྱུར་གྱི་སྨན་བསྟེན་རོགས་པའི་ཆོག་འཐུས་བགྲོད་ལམ་འཛུགས་པ་དང་། ཐོབ་ཐང་དང་ཉེས་པ་གསོག་མྱོང་མེད་པའི་ཟིན་ཐོར་ཞིབ་བཤེར་བྱེད་པ། གནས་སྐབས་ཀྱི་འགྲོ་ཆོག་པའི་འཛིན་ཡིག་སྤྲོད་པ་བཅས་ཚུད་ཡོད། ཕྱོགས་གསུམ་པའི་སྒྲིག་གཞི་དང་མི་སྒེར་ལ་ཐོ་འགོད་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཏེ་སྨན་བཅོས་ཁང་དང་ཨང་ཀི་བཀག་སར་ཚོང་རྒྱག་པར་གཏན་འགོག་ཁ་གསལ་བྱེད་པ། སྒོ་བསྟེན་སྨན་བཅོས་ཚོམས་ཆེན་དུ་ལུགས་མཐུན་ནད་རོགས་ཀྱི་མིང་ཐོ་དང་ཞུ་གཏུག་ཁ་པར་ཡོངས་བསྒྲགས་བྱེད་དགོས། དེ་དང་ཆབས་ཅིག ལས་རིགས་མཐུན་ཚོགས་དང་མཉམ་དུ་ལས་གྲབས་སྦྱོང་བརྡར་བྱས་ནས་དཔྱད་ཞིབ་ཚད་ལོན་པར་སྨན་ཁང་གིས་ཁས་ལེན་ཞབས་ཞུའི་མཚོན་རྟགས་སྤྲོད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་ལྟ་འདོམས་དང་། སྤྱི་བདེ། འཕྲོད་བསྟེན་བདེ་ཐང་བཅས་སྡེ་ཚན་མང་པོའི་མཉམ་འབྲེལ་ཁྲིམས་སྒྱུར་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཟོ་བ་དང་། རིན་གོང་ཁ་བསླུས་དང་ལག་ཁྱེར་མེད་པར་ཚོང་གཉེར་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།