ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་རོང་ཤང་སྟར་ཁ་སྟེང་གྲོང་ཚོས།
ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་འགྲོ་ལམ་ཤར་གཏོང་ཐུབ་པར་འགན་ལེན་བྱས་པ།
ཉེ་དུས་ཆར་པ་བསྟུད་མར་བབས་པས། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་རོང་ཤང་སྟར་ཁ་སྟེང་གྲོང་ཚོའི་གྲོང་ཚོ་རིམ་པའི་མ་ལམ་གཙོ་བོར་རྡོ་ཧྲུག་ཕུང་གསོག་ཐེབས་པ་དང་རི་ནས་རྡོ་ཟགས་པ་སོགས་ཀྱི་གནས་ཚུལ་ཐོན་ནས་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་དང་གྲོང་ཚོའི་ཁོར་ཡུག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། འགྲོ་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ་དང་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་རྒྱུན་མཐུད་གཏོང་ཆེད། སྟར་ཁ་སྟེང་གྲོང་ཚོས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་རྡོ་བསྒྲུགས་ཏེ་འགྲོ་ལམ་ཤར་གཏོང་བྱས་པ་རེད།
ལས་ཡུལ་དུ་གྲོང་སྡོད་ལས་དོན་རུ་ཁག་གིས་ཏང་ཡོན་དང་མང་ཚོགས་ལ་ལས་བགོས་བརྒྱབ་ནས་མཉམ་དུ་སྐུལ་འདེད་བཏང་སྟེ། ལམ་ངོས་ཀྱི་རྡོ་ཧྲུག་དང་ཕ་བོང་གཅིག་སྡུད་ཐོག་གཙང་སེལ་གྱིས་ཤར་གཏོང་ཐུབ་མེད་པའི་ལམ་དུམ་བཤངས་པ་མ་ཟད། ལམ་རྒྱུད་ཀྱི་གད་སྙིགས་དང་ཕུང་གསོག་ཐེབས་པའི་ཅ་དངོས་གཙང་སེལ་བྱས་ཏེ་འགྲོ་ལམ་ཤར་གཏོང་གི་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱས་པས། གྲོང་ཚོའི་འགྲོ་ལམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག བཅོས་སྐྱོང་དང་དྲིལ་བསྒྲགས་མཉམ་སྐུལ་མཐའ་འཁྱོངས་བྱས་ནས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་ཆར་དུས་སྐབས་ཀྱི་འགྲོ་ལམ་ཤར་གཏོང་གི་བདེ་འཇགས་རྒྱུན་ཤེས་ཁྱབ་གདལ་བཏང་ནས། ཡུལ་མི་ཚོ་རི་རྒྱུད་ཀྱི་ལམ་དུམ་བརྒྱུད་སྐབས་གཟབ་ནན་ངང་འགྲོ་སྐྱོད་བྱས་ནས་རྡོ་ལྷུངས་བའི་ཉེན་ཁར་འགོག་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་མང་ཚོགས་ཀྱིས་རང་རྟོགས་ངང་སྤྱི་པའི་ཁོར་ཡུག་ལ་གཅེས་སྤྲས་དང་། རང་འགུལ་ངང་གྲོང་ཚོའི་རྣམ་པར་བདག་སྐྱོང་བྱེད་པའི་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ། མི་ཚང་མས་ཁོར་ཡུག་བཅོས་སྒྲིག་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།