ས་མཐོའི་རྒན་རྒོན་གྱི་བདེ་སྐྱིད་ལྡན་པའི་ཚེ་མཇུག
—— སྙེ་མོ་རྫོང་གིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།
ཞོགས་པའི་ཉི་བཞོན་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་རྒན་གསོ་ཞབས་ཞུ་ལྟེ་གནས་སུ་རབ་ཏུ་འཕྲོས་ཤིང་། ལོ་82ལ་སླེབས་པའི་བགྲེས་སོང་ངག་དབང་འཇིགས་མེད་མལ་ལས་དལ་གྱིས་ལངས་པ་དང་། ཉལ་ཁྲིའི་འགྲམ་གྱི་འབོད་ཆས་དང་གསང་སྤྱོད་གྱང་ངོས་སུ་བསྒར་བའི་བདེ་འཇགས་ལག་སྐྱོར་དེས་ཁོང་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། ངོ་གདོང་ཁྲུས་རྗེས་ཁོང་ཟ་ཁང་གི་ཕྱོགས་སུ་སྐྱོད་སྐབས་བར་ཁྱམས་ནས་ཞོགས་ཟས་ཀྱི་དྲི་ཞིམ་འཐུལ་འོང་།
“དེ་སྔ་ཁྱིམ་དུ་གཅིག་པུར་སྡོད་ཀྱི་ཡོད། ད་ཆ་ལོ་ན་མཐོ་བ་མ་ཟད་རྐང་པའང་ཐང་པོ་མེད། ལྷག་པར་དུ་དགུན་ཁ་ཤར་རིམ་བཞིན་སེམས་ཁྲལ་ཆེན་པོ་ཡོང་གི་འདུག”ཅེས་བགྲེས་སོང་ངག་དབང་འཇིགས་མེད་ཀྱིས་ཁེར་སྡོད་འཚོ་བར་ཕྱིར་དྲན་བྱེད་པ་དང་སྦྲགས་ཚོར་སྣང་ཟབ་མོས་བཤད།
འགྱུར་ལྡོག་ནི་སྙེ་མོ་རྫོང་གིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་སྡུད་བསྙེན་བཀུར་བྱེད་པའི་སྲིད་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་བ་ལས་བྱུང་བ་ཞིག་ཡིན། ངག་དབང་འཇིགས་མེད་རྒན་གསོའི་ཞབས་ཞུ་ལྟེ་གནས་སུ་བསྡད་ནས་ཉིན་གཅིག་གི་ལྟོ་དུས་གསུམ་དང་། བདེ་ཐང་སྐོར་སྐྱོད་སྨན་བཅོས། རིག་གནས་དང་ལུས་རྩལ་རོལ་རྩེད་སོགས་འཚོ་བའི་ཞབས་ཞུ་ཁག་བཀོད་སྒྲིག་ཡག་པོ་བྱས་པ་ལས་བྱུང་བ་རེད།
བག་ཕེབས་ཀྱི་འཚོ་བ་དེ་ནི་དངོས་དངོས་རྗེན་རྗེན་གྱི་སྲིད་ཇུས་བཟང་པོ་དང་ཁ་བྲལ་ཐབས་མེད། མིག་སྔར། སྙེ་མོ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་གྱི་གཞི་རྩའི་འཚོ་བའི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་16021ཟིན་པ་དང་། དེ་དག་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། རྫོང་རིམ་པ་བཅས་ཀྱི་ནོར་སྲིད་ཀྱིས་མཉམ་དུ་སྤྲོད་ཀྱི་ཡོད། ལྟ་སྐྱོང་དང་བདག་སྐྱོང་གི་ཁ་གསབ་དེ་རང་སྐྱ་འཕེར་བ་དང་ནུས་ཕྱེད་ཤོར་བའི་རིམ་པའི་ཁྱད་པར་ལྟར་སྤྲོད་ཀྱི་ཡོད། བསྙེན་བཀུར་ས་ཚིགས་སུ་ཉལ་ཁྲིའི་འགྲམ་དུ་འབོད་ཆས་186དང་གསང་སྤྱོད་བདེ་འཇགས་ལག་སྐྱོར་73སྒྲིག་སྦྱོར་བྱས་ཡོད་ལ། ཉིན་རེར་མི་རེར་སྒོར་23.5ཡི་ཁ་ལག་གི་ཆེད་དོན་ཁ་གསབ་སྤྲད་པ་མ་ཟད། གཟའ་འཁོར་རེར་ཁ་ལག་མི་འདྲ་བ་བཟོ་གི་ཡོད། རྒན་གསོའི་ཞབས་ཞུ་ལྟེ་གནས་ཀྱིས་ད་དུང་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གཏིང་ཟབ་བྱས་ཏེ་ལོ་ལྟར་རྒན་རྒོན་ལ་རིན་པ་མི་དགོས་པར་ཕྱོགས་ཡོངས་ནས་གཟུགས་པོ་བརྟག་དཔྱད་ཐེངས་གཅིག་དང་འཕྲལ་སྡོམ་སྨན་བཅོས་ཀྱི་ཐོགས་མེད་བགྲོད་ལམ་བཏོད་ཡོད། ལས་ཐོག་ནད་སྐྱོང་བ་9ཡིས་ནུས་ཤོར་རྒན་རྒོན་ལ་1∶1དང་ནུས་ཕྱེད་ཤོར་བའི་རྒན་རྒོན་ལ་1∶3གྱི་བསྡུར་ཚད་ཐོག་ནས་ཞབས་ཞུ་བསྒྲུབས་ཏེ། ཆུ་ཚོད་24རིང་སྐོར་སྲུང་བྱེད་པ་དང་མཚན་མོར་ཆུ་ཚོད་3རེར་ཉལ་ཁང་ལ་ཞིབ་བཤེར་ཐེངས་རེ་བྱེད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས་སྡེ་ཁུལ་གྱི་རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་རྒྱུན་མཐུད་ཚགས་དམ་དུ་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཐ་སྐྱོང་བསྙེན་བཀུར་བྱས་ཏེ། ས་མཐོའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སེམས་ཁམས་བདེ་པོ་ཡོང་བར་བྱས་ནས་གངས་ལྗོངས་ས་མཐོའི་བགྲེས་སོང་རྣམས་ཚེ་མཇུག་བདེ་ལ་རོལ་བར་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།