བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ།
ཉེན་ཁ་ཆེ་སར་བསྐྱོད་དེ་མང་ཚོགས་ཀྱི་བདེ་འཇགས་སྲུང་བ།
བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་གི་བཀོད་སྒྲིག་བྱ་ཡུལ་གྱི་གུར་ཞིག་གི་མདུན་དུ་ཉེན་དོན་ཁང་གི་སྒོ་བྱང་བཀལ་ཡོད།
“ཉེ་བའི་ཉིན་འདི་དག་རིང་། ཉེན་དོན་ཁང་གིས་མང་ཚོགས་ལ་དཀའ་གནད་སེལ་རོགས་བྱེད་བཞིན་ཡོད” སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇིགས་མེད་རྡོ་རྗེས། སུའི་ཁྱིམ་ལ་ཆུ་མེད་པ་དང་སུའི་ཁྱིམ་ལ་ཉལ་གདན་མེད་པ་སོགས་སྐོར་གུར་རེ་རེ་བཞིན་གསལ་པོར་དྲིས་ནས་ཕྱོགས་སྡོམ་བྱས་རྗེས་འཕྲལ་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ལ་སྙན་སེང་ཞུ་གི་ཡོད། དེ་རྗེས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་ཕྱོགས་མང་པོའི་ཐོན་ཁུངས་མཐུན་སྦྱོར་བྱས་ནས་རེ་རེ་བཞིན་ཐག་གཅོད་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས། “གནོད་འཚེ་ཐོན་སྐབས། ང་ཚོ་བེན་ཐ་ཤང་དུ་སྦྱོང་བརྡར་བྱེད་ཀྱི་ཡོད་པས། ང་ཚོ་ཡོམ་ལྡིག་དང་ཐག་ཉེ་ཤོས་ཀྱི་ཉེན་རྟོག་པར་གྱུར་ཡོད” བཀའ་འབྱོར་རྗེས་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་ཆབ་སྲིད་ཨུ་ཡོན་བསོད་ནམས་རྒྱལ་དབང་གིས་རུ་སྣེ་ཁྲིད་དེ་འཕྲལ་མར་དམར་རུ་ཤང་དུ་བསྐྱོད། ལམ་བར་དུ་རྡོ་ཟགས་ནས་ལམ་འགག་ཡོད་པས་ང་ཚོས་མི་བཅུ་གྲངས་བཀོད་སྒྲིག་བྱས་ནས་ལམ་ངོས་གཙང་སེལ་བྱས་ཏེ་གེགས་སེལ་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་ཡིན། རུ་མི་གཞན་དག་ཚང་མ་ཐད་ཀར་ཡོམ་ལྡིག་ཏུ་བསྐྱོད་དེ་ཚོགས་ཆུང་གསུམ་ལ་བགོས་ནས་གྲོང་ཚོ་དང་པོ་དང་། གཉིས་པ། གསུམ་པ་བཅས་སུ་རོགས་སྐྱོབ་ལས་དོན་སྤེལ་བ་ཡིན་ཞེས་འཇིགས་མེད་རྡོ་རྗེས་དྲན་གསོ་བྱེད་བཞིན་བཤད།
“ང་ཚོ་ཉེན་རྟོག་རླངས་འཁོར་ནས་བབས་མ་ཐག་མི་སེར་མང་པོ་རྒྱུགས་ཡོང་ནས་ཁང་པ་ཞིག་རོར་མཛུབ་མོ་བཙུགས་ཏེ་འདིའི་འོག་ཏུ་མི་མནན་ཡོད་ངེས་རེད་ཅེས་བཤད་བྱུང” ཉེན་རྟོག་རླངས་འཁོར་མཐོང་སྐབས་མང་ཚོགས་ཚོས་རེ་སྒུག་ཚད་མེད་བྱེད་པའི་རྣམ་འགྱུར་དེ་ངས་ད་དུང་ཡང་ཡིད་ལ་ཝ་ལེར་དྲན་གྱི་འདུག ཁང་པའི་ཀ་བ་ཡང་འཁྱོག་འདུག་པས། ང་དང་མི་དམངས་ཉེན་རྟོག་པས་ལག་ཆ་སྤྱོད་མ་ཕོད་པར་སྦར་སྔོག་བརྒྱབ་པ་ཡིན། འཚོལ་སྐྱོབ་བྱས་རྗེས་ང་ཚོས་སླར་ཡང་ཁང་པ་རེ་རེ་བཞིན་གྲལ་བཤེར་བྱས་པ་མ་ཟད། ད་དུང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ས་སྟོང་དུ་གུར་ཕུབ་པ་དང་དངོས་ཟོག་དབོར་བ་སོགས་བྱས་པ་ཡིན་ཞེས་འཇིགས་མེད་རྡོ་རྗེས་བཤད།
ལམ་ནི་གེགས་སེལ་གྱི་སྲོག་རྩ་ལྟ་བུ་ཡིན་ཞིང་། མྱུར་སྐྱོབ་རླངས་འཁོར་གྱིས་རྨས་མ་སྨན་ཁང་དུ་སྐྱེལ་བ་དང་། ཟོག་འདྲེན་རླངས་འཁོར་གྱིས་སྲིང་བལ་གྱི་ཕོ་ཁེབས་དང་ལྕི་བ་སོགས་གེགས་ཁུལ་དུ་དབོར་ཡོད། ས་ཡོམ་གྱིས་རི་ལམ་ལ་གཏོར་སྐྱོན་བཟོས་པས་རྡོ་ཟགས་པ་དང་ལམ་ངོས་རྡིབ་པ་སོགས་ཀྱི་གནོད་སྐྱོན་ཐོན་སྲིད། “གེགས་སེལ་རླངས་འཁོར་ཤར་གཏོང་ཐུབ་མིན་ལ་སེམས་ཁྲལ་བྱས་ནས། ང་ཚོས་ལམ་བར་དུ་མི་བཅུ་གྲངས་བཀོད་སྒྲིག་བྱས་ཡོད”ཅེས་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་རུ་དཔོན་གཞོན་པ་བསོད་ནམས་ཉི་མས་བཤད།
འགྲིམ་འགྲུལ་ཉེན་རྟོག་པས་ལམ་རྒྱུད་དུ་རྡོ་ཧྲུག་སྒྲུག་པ་དང་། ཉེན་ཁ་སེལ་བ། དྲན་སྐུལ་བྱེད་པ་སོགས་ཀྱི་ལས་གནས་མང་པོ་བཀོད་སྒྲིག་བྱས་ཡོད། གལ་སྲིད་མི་མ་འདང་ཚེ་ལམ་དུམ་དབྱེ་ནས་སྐོར་ཞིབ་བྱེད་ཀྱི་ཡོད། གང་དུ་ལམ་ངོས་བརྡིབས་ཚེ་འཕྲལ་མར་ཉེན་ཟོན་ཐིག་འཐེན་ནས་རླངས་འཁོར་བསྐོར་ནས་འགྲོ་བའི་ཁྲིད་སྟོན་བྱེད་ཀྱི་ཡོད། ཉིན་མོ་ཐལ་རྡུལ་འཚུབས་ནས་མིག་ཀྱང་འདང་ཐུབ་ཀྱི་མི་འདུག མཚན་མོ་ལྷགས་རླུང་ལྡང་ནས་འཁྱགས་ཤི་ཐེབས་གྲབས་བྱས་ན་ཡང་། ཉེན་སྒྲོན་ཁྲོད་མཚན་གང་པོར་ལས་རེས་བྱེད་དགོས།
བགྲོད་ལམ་ཤར་གཏོང་ཐུབ་ན་རོགས་སྐྱོབ་མྱུར་ཚད་མགྱོགས་སུ་འགྲོ་ངེས་རེད། དམར་རུ་ཤང་ནས་གངས་ཆེན་ཤང་བར་དང་བཀོད་སྒྲིག་བྱ་ཡུལ་ནས་རྫོང་གྲོང་བར་ཤར་གཏོང་ཐུབ་པའི“ཚེ་སྲོག་གི་ལམ་ཐིག”རེ་རེས་རོགས་སྐྱོབ་ལས་དོན་བདེ་བླག་སྤེལ་བར་འགན་ལེན་བྱས་ཡོད།
ས་སྲོད་ལ་དམར་རུ་ཤང་གྲོང་ཚོ་གཉིས་པའི་བཀོད་སྒྲིག་བྱ་ཡུལ་དུ། ལོ་རིམ་བཞི་པའི་བུ་མོ་ཀླུ་མོ་མཚོས་སྐོར་གཡེང་མི་དམངས་ཉེན་རྟོག་པའི་རྗེས་ག་ལེར་དེད་དེ་ཕར་འགྲོ་ཚུར་འོང་བྱས། དེ་མཐོང་སྐབས་ཁོ་མོས་བྱེ་རིལ་ཁ་ཤས་བཏོན་ཏེ་སྐོར་གཡེང་བྱེད་མཁན་མི་དམངས་ཉེན་རྟོག་པར་སྤྲད། “ས་ཡོམ་བརྒྱབ་མ་ཐག་དངངས་སྐྲག་ཏོག་ཙམ་བྱུང་། ཡིན་ན་ཡང་ཨ་ཁུ་ཉེན་རྟོག་པ་མཐོང་སྐབས་ང་ཚོ་བློ་བདེ་པོ་བྱུང”ཞེས་བཤད།
ས་ཡོམ་བརྒྱབ་ཚུན་དུ། ནག་ཆུའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་530ལྷག་ཙམ་གྱིས་ཆུ་ཚོད་24རིང་སྐོར་སྲུང་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།