དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་སྲིད་པུས“གྲང་ངར་ཆེ་བའི་དགུན་ཁར་དྲོ་སྐྱིད་སྦྱིན་པའི”ཆེད་དོན་རོགས་སྐྱོབ་བྱ་སྤྱོད་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-31

    ཉེ་ཆར། དམངས་སྲིད་པུའི་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམ་ནས“གྲང་ངར་ཆེ་བའི་དགུན་ཁར་དྲོ་སྐྱིད་སྦྱིན་པའི”ཆེད་དོན་རོགས་སྐྱོབ་བྱ་སྤྱོད་ཚེས་27ཉིན་ནས་2027ལོའི་ཟླ་3ཚེས་15ཉིན(བྱང་ཤར་དང་ནུབ་བྱང་ས་ཁུལ་དུ་གནས་ཚུལ་ལ་གཞིགས་ནས་ནར་འགྱངས་བྱེད་ཆོག་པ)བར་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཏེ་ཆགས་ས་རྟེན་ས་མེད་པའི་མི་སྣ་བདེ་འཇགས་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད།

    བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་གིས་གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་མཉམ་འགུལ་ལམ་སྲོལ་བཙུགས་ནས་སྤྱི་བདེ་དང་། གྲོང་ཁྱེར་དོ་དམ། འཕྲོད་བསྟེན་བདེ་ཐང་། འཕྲལ་སྡོམ་སོགས་སྡེ་ཚན་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་མཉམ་འབྲེལ་སྐོར་ཞིབ་ཀྱིས་མེ་འཁོར་འབབ་ཚུགས་དང་གྲུ་ཁ་དང་། ས་འོག་བགྲོད་ལམ། ཟམ་སྦུག བེད་མེད་ཁང་པ་སོགས་ཆགས་ས་རྟེན་ས་མེད་པའི་མི་སྣ་སྡོད་སྲིད་པའི་ས་ཁོངས་ལ་ལེབ་བཤེར་བྱས་ཏེ་དམིགས་བསལ་གནམ་གཤིས་མ་བསྟན་གོང་དང་མཚན་མོར་སྐོར་ཞིབ་བྱེད་ཐེངས་མང་དུ་གཏོང་དགོས།

    ས་གནས་ཁག་གིས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ། དེ་བཞིན་གཞི་རིམ་ཚན་པ་བཅས་ཚུད་པའི་ཤེས་རྟོགས་སྙན་ཞུའི་དྲ་རྒྱ་མགྱོགས་མྱུར་ཤར་གཏོང་བྱས་ནས་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་། མྱུར་སྐྱེལ་བ། སྤྱི་སྤྱོད་རླངས་འཁོར་དང་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་སོགས་ཀྱིས་རོགས་སྐྱོབ་ཁུངས་སྣེ་མཁོ་འདོན་བྱེད་པར་སྐུལ་སློང་བྱེད་དགོས། དོན་དངོས་གནས་ཚུལ་ལ་གཞིགས་ནས་ཕན་བདེའི་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་ས་ཚིགས་སོགས་སྤྱད་དེ་གནས་སྐབས་རོགས་སྐྱོབ་ས་ཚིགས་བཙུགས་ནས་ཆགས་ས་རྟེན་ས་མེད་པའི་མི་སྣས་ཐག་ཉེ་སར་རོགས་སྐྱོབ་རེ་ཞུ་བྱེད་པར་སྟབས་བདེ་བསྐྲུན་དགོས།

    ཁྲོམ་གཞུང་དུ་ཁ་ཏ་བསླབ་བྱ་བྱས་ཀྱང་སྡེ་ཚན་གྱི་རོགས་སྐྱོབ་ལ་དང་ལེན་བྱེད་འདོད་མེད་པའི་མི་སྣར་དགོས་ངེས་ཀྱི་བཟའ་བཅའ་དང་། གྱོན་ཆས། དྲོད་སྲུང་མཁོ་ཆས་བཅས་སྤྲོད་པ་དང་རོགས་སྐྱོབ་རེ་ཞུའི་འབྲེལ་གཏུག་ཨང་གྲངས་བཞག་པ་དང་ཆབས་ཅིག་ཁོངས་གཏོགས་ཀྱི་ཤང་གྲོང(ཁྲོམ་གཞུང)ལ་རྗེས་མཐུད་ཀྱི་རོགས་སྐྱོབ་ཡག་པོ་བྱེད་དགོས་པའི་བརྡ་ཐོ་གཏོང་དགོས། ནད་གཞི་ལྕི་ལ་སྲོག་ཉེན་ཆེ་བའི་ནད་པ་དང་སེམས་ནད་ཡོད་པའི་ནད་པར“སྔོན་ལ་སྐྱོབ་བཅོས་དང་རྗེས་སུ་རོགས་སྐྱོབ”ཀྱི་རྩ་དོན་གཞིར་བཟུང་། གང་མགྱོགས་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་སྐྱེལ་དགོས།

    བརྡ་ཐོའི་ནང་ཁ་གསལ་བསྟན་དོན། ཁྱིམ་ཚང་གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་པ་དང་གནས་སྐབས་སྡོད་ས་མེད་པའི་གླ་པ་སོགས་འཚོ་བ་དཀའ་ངལ་གྱི་གནས་སུ་གྱར་བའི་མི་སྣར་འཕྲལ་སྡོམ་རང་བཞིན་དང་བར་བརྒལ་རང་བཞིན་གྱི་འཚོ་བའི་འགན་ལེན་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་སེམས་གསོ་གཏོང་བ་དང་། བཅའ་ཁྲིམས་ཀྱི་རོགས་སྐྱོར། ལས་ཞུགས་བློ་འདྲི་སོགས་ཀྱི་ཞབས་འདེགས་ཞུ་བ་དང་། མི་སྒེར་གྱི་ཐོབ་ཐང་ཆ་འཕྲིན་མཁོ་འདོན་བྱེད་ཐབས་བྲལ་བའི་རོགས་སྐྱོར་བྱ་ཡུལ་ལ“དྲ་སྦྲེལ+”སོགས་ཀྱི་བྱ་ཐབས་སྤྱད་དེ་གཉེན་ཉེ་འཚོལ་རོགས་བྱས་ནས་ཁོང་ཚོ་ཁྱིམ་དུ་ལོག་རྒྱུར་རོགས་རམ་བྱེད་དགོས།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།