དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྣང་རྫོང་གི་སུར་པན་ལ་ལོ་ལེགས་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-30

    སྟོན་གྱི་དུས་སུ། ཡར་ཀླུང་གཙང་པོའི་སྣང་རྫོང་གི་དུམ་བུའི་ངོགས་སུ་ལོ་གཅིག་ནང་ཆེས་རྣམ་པར་བཀྲ་བའི་དུས་ཚིགས་ཤར་ཞིང་། ཞིང་ནང་གི་སུར་པན་ལ་ལོ་ལེགས་བྱུང་ནས་དམར་མདངས་བཀྲ་བའི་སུར་པན་རྡོག་པོ་རེ་རེས་ས་མཐོའི་ས་ཆ་ཡུག་གཅིག་ལ་མཚལ་མདོག་གི་དར་སྲབ་བཀླུབས་པ་དང་གཉིས་སུ་མ་མཆིས།

    སྣང་རྫོང་གྲོང་མདའ་གྲོང་རྡལ་སུར་པན་ལས་སྣོན་བཟོ་གྲྭའི་ཉོ་སྒྲུབ་བྱ་ཡུལ་དུ་རྩྭ་རས་བྱུར་བུར་བླུགས་པའི་འཁོར་གསུམ་རྐང་འཁོར་མང་པོ་ལམ་འགྲམ་དུ་ཁ་བཀག་ནས་བཞག་ཡོད།

    ལོ་21ལ་སླེབས་པའི་བོད་རིགས་ཕོ་གཞོན་བཀྲ་ཤིས་བསམ་གྲུབ་ཀྱིས་ཨ་མར་སུར་པན་དབོར་རོགས་བྱེད་བཞིན་ཡོད་པ་དང་། ཁོང་གི་གཟུགས་པོ་དེ་ཙམ་ཆེན་པོ་མེད་རུང་ལས་ཀ་བྱེད་སྐབས་ཤུགས་ཧ་ཅང་ཆེན་པོ་འདུག ཅང་སུའུ་དབྱང་ཀྲོའུ་རུ་སློབ་ཆེན་འགྲིམ་བཞིན་པའི་ཁོ་པས་གུང་གསེང་རིང་ཁྱིམ་དུ་ཞིང་ལས་བྱེད་རོགས་བྱེད་ཀྱི་ཡོད། “ང་ཚོའི་ཁྱིམ་ཚང་གིས་ད་བར་རྦད་དེ་སུར་པན་བཏབ་པ་ཡིན། སྔོན་ཆད་ལྟར་ཕྱིར་འཚོང་བར་འགྲོ་དགོས་མེད་པར་ད་ཆ་སུར་པན་ལས་སྣོན་བཟོ་གྲྭར་འཚོང་གི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག ད་ཆ་ཁྱིམ་གྱི་ས་ཞིང་མུའུ་20ཚང་མར་སུར་པན་བཏབ་ཡོད་པ་དང་ཕལ་ཆེར་ཟླ་བ་གཅིག་ལ་ཐེངས་རེ་འཚོང་གི་ཡོད”ཅེས་བཤད་རྗེས་སླར་ཡང་ལས་ཀ་བྱེད་པར་ཕྱིན།

    སུར་པན་ལས་སྣོན་བཟོ་གྲྭར་སྐྱོད་སྐབས། སྒོ་ཕྱེ་མ་ཐག་སུར་པན་གྱི་དྲི་ཞིམ་འཐུལ་འོང་། ཐོན་སྐྱེད་འཁོར་ཁང་ནས་འཕྲུལ་འཁོར་གྱི་སྒྲ་གྲགས་ཤིང་། དབྱེ་གསེད་དང་། གཙང་འཁྲུད། གཡོས་སྦྱོར། སྙོལ་བ་བཅས་ནས་འབུ་ཕྲ་གསོད་པ་དང་ཐུམ་རྒྱག་པ་བཅས་ཀྱི་ལྷུ་ཚིགས་ཚང་མ་གོ་རིམ་ལྡན་པ་མ་ཟད། བཟོ་པ་རྣམས་ཀྱིས་མ་ལག་དོད་པོས་ལས་ཀ་བྱེད་བཞིན་ཡོད་པ་དང་། ཞིང་ནང་གི་སུར་པན་དག་དེ་གར་ཐོན་རྫས་སྣ་ཚོགས་སུ་གྱུར་གྱི་ཡོད།

    སྣང་རྫོང་གི་སུར་པན་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་ཁྱད་ལྡན་ཐོན་རྫས་ཤིག་ཡིན་པ་དང་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཐུན་མོང་མ་ཡིན་པའི་ས་ཁམས་གནས་ཡུལ་དང་གནམ་གཤིས་ཀྱི་ཁྱད་ཆོས་ལ་བརྟེན་ནས་སུར་པན“གླང་རྭ་ཆུང་ཆུང”འདེབས་འཛུགས་བྱས་པ་དེ་ཁ་ཚ་བ་མ་ཟད་ད་དུང་བྲོ་བ་ཡང་ཞིམ་པོ་ཡོད།

    སུར་པན་ཡག་པོ་འདེབས་ཐུབ་མིན་གཙོ་བོ་སོན་བཟང་ལ་ཐུག་ཡོད། སྣང་རྫོང་གིས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་ཚན་རྩལ་མཉམ་ལས་ཀྱི་གྲོས་མཐུན་བཞག་སྟེ་ཐུན་མོང་ཐོག་ཚན་ཞིབ་རྣམ་གྲངས་རེ་ཞུ་བྱས་པ་དང་། ལག་གདང་སྦྲེལ་ནས་སུར་པན་གྱི་དཔེ་སྟོན་རྟེན་གཞི་བསྐྲུན་ཏེ“སོན་བཟང་འདུ་འགོད”དོན་འཁྱོལ་ཏན་ཏིག་བྱས་ནས་ས་གཞི་ཆེ་མོར་རྩ་བ་ཚུགས་ཐུབ་པ་བྱས་ཡོད།

    སྣང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཁྱབ་གདལ་ས་ཚིགས་ཀྱི་ཀྲན་ཀྲང་སྤེན་པས་ང་ཚོར་རྩིས་ཤིག་བརྒྱབ་པ་སྟེ། “ད་ལོ་ཁྱོན་སོན་རྐང་ཁྲི་70ཙམ་འདེབས་འཛུགས་བྱས་ཤིང་། སོན་རྐང་རེར་སྲིད་གཞུང་གི་ཁ་གསབ་སྒོར་ཟུར་6སྤྲད་པ་དང་། ཞིང་དུད་ཀྱིས་སྒོར་ཟུར་2ལས་བཏོན་དགོས་མེད། དེ་བས་བློ་བདེ་བ་ཞིག་ལ་འདེབས་འཛུགས་བྱེད་རིང་ལག་རྩལ་པས་ང་ཚོར་སྤོ་འཛུགས་ནས་གཡོག་བྱེད་བྱེད་པའི་བར་དམར་ཁྲིད་བྱས་ཏེ་འདེབས་འཛུགས་ཐད་ཀྱི་དཀའ་གནད་བསལ་བྱུང”ཞེས་བཤད།

    སྣང་རྫོང་གྲོང་གསེབ་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏུའུ་ཅ་ཡུན་གྱིས། ད་ཆ་སྣང་རྫོང་གི་སུར་པན་སྐོར་གླེང་སྐབས་ས་ཆ་གཞན་གྱི་ཚོང་པ་ཚང་མས་ཁས་ལེན་བྱེད་པ་མ་ཟད། གོང་ཡང་ཡག་པོ་རག་གི་འདུག སྣང་རྫོང་གི་སུར་པན་ཉེ་བའི་ལོ་ཤས་རིང་སྐད་གྲགས་ཇེ་ཆེར་འགྲོ་བཞིན་ཡོད་པས་སུར་པན་འདེབས་རྒྱུ་དེ་ཡུལ་མི་ཚོའི་ཕྱུག་འགྱུར་ཐབས་ལམ་དུ་གྱུར་ཡོད། ས་མཐོའི་སུར་པན་ལ་ལོ་ལེགས་བྱུང་བ་མ་ཟད། མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།