ས་ཆ་འདི་དག་ལ་གཏེར་ཚང་འཕྲུལ་ཆས་བསྒར་རྩིས་འདུག
ཉེ་ཆར། བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིའི་ལས་མི་ཧྲེན་ཀྲེན་དུ་བསྐྱོད་ནས་གཏེར་ཚང་(DeepZang)བོད་སྐད་ཡིག་རིག་ནུས་སྐད་སྒྱུར་གྱི་མཁྲེགས་ཆས་ཞིབ་འཇུག་གསར་སྤེལ་དང་། དཔེ་མཚོན་འཕྲུལ་འཁོར་ཚོད་ལྟ་དང་ཐོན་སྐྱེད་། དེ་བཞིན་མཉེན་ཆས་དང་མཁྲེགས་ཆས་མཉམ་སྒྲིག་བཅས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ་དེ་ཐོག་ནས། རང་ལྗོངས་ཀྱི་རང་བརྟེན་ཚོད་འཛིན་ཐུབ་པའི་བོད་སྐད་ཡིག་གི་རིག་ནུས་ལག་རྩལ་དེ་རིགས་པའི་གཞུང་ལུགས་ཀྱི་བརྩི་ཐབས་ཞིབ་འཇུག་གསར་སྤེལ་ནས་དངོས་ཚན་མཐའ་སྣེའི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གཏེར་ཚང་(DeepZang)ནི་གོ་ལ་ཧྲིལ་པོའི་བོད་སྐད་ཡིག་ཆེ་མོའི་དཔེ་དབྱིབས་ཐོག་མ་དེ་རེད་ལ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེས་གྲུབ་རྣམ་པའི་མི་ཐབས་རིག་ནུས་རྩིས་ཐབས་དང་དཔེ་དབྱིབས“སྙན་དཔོད་གཉིས”ཀྱི་བོད་སྐད་ཡིག་གི་རིག་ནུས་དཔེ་དབྱིབས་ཐོག་མ་དེའང་ཡིན་ཞིང་། འཐུས་སྒོ་ཚང་བའི་བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་མང་པོའི་རིག་ནུས་སྤེལ་རེས་ནུས་པར་བརྟེན་ནས་སྦྲེལ་ཐག་ཧྲིལ་པོ་རང་བརྟེན་ཚོད་འཛིན་ཐུབ་པའི་ལྟེ་བའི་ལག་རྩལ་མ་ལག་བསྐྲུན་ཏེ་བོད་སྐད་ཡིག་གི་རིག་ནུས་ཞབས་ཞུའི་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད།
ད་ཐེངས་ཧྲེན་ཀྲེན་དུ་བསྐྱོད་ནས་ཐོན་སྐྱེད་ཀྱི་འགག་རྩའི་ལས་དོན་སྤེལ་རྒྱུ་སྟེ། རྣམ་གྲངས་ཚོགས་པས་ས་གནས་ས་ཐོག་ཏུ་ཐོན་སྐྱེད་བཟོ་རྩལ་དང་། བྱེད་ནུས་ཀྱི་ཚད་གཞི། མཁོ་སྤྲོད་སྦྲེལ་ཐག་གི་མ་ལག་བཅས་ལ་ཞིབ་དཔྱད་བྱས་ནས། ས་མཐོའི་དམིགས་བསལ་གྱི་གནམ་གཤིས་དང་། སྒྲིག་ཆས་བེད་སྤྱོད་ཀྱི་ཁོར་ཡུག་རྙོག་འཛིང་ཆེ་བར་དམིགས་ནས་དཔྱད་གྲངས་ལེགས་སུ་བཏང་བ་མ་ཟད། སྒྲིག་ཆས་ཇེ་ཡང་དུ་གཏོང་བ་དང་། ཡུན་རིང་བཀོལ་སྤྱོད་ཆོག་པ། དྲོད་ཚད་དམའ་པོར་འཕྲོད་པ། དྲ་བྲལ་བརྒྱུད་སྤྲོད། ཆ་འཕྲིན་བསྐུར་ཡུན་མགྱོགས་སུ་གཏོང་བ་སོགས་ཀྱི་འགག་རྩའི་ལག་རྩལ་ཐད་རྒྱུན་མཐུད་ཚད་བརྒལ་ཡོང་བར་བྱས་ནས། བོད་ལ་འཚམ་པའི་རིག་ནུས་ཅན་གྱི་མཐའ་སྣེའི་ཐོན་རྫས་ནུས་ཤུགས་ཡོད་རྒུས་བཏོད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འཕྲུལ་ཆས་དེ་ལྷ་སའི་སྲིད་དོན་ཞབས་ཞུ་དང་། རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ། གཞི་རིམ་གྱི་དམངས་ཕན་སྐར་ཁུང་བཅས་སུ་གྲངས་འབོར་ངེས་ཅན་བཏོན་ནས་དཔེ་སྟོན་ཚོད་ལྟ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།