དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧོ་ནན་གྱིས“ཞིང་གསུམ”ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ།

    ཡུལ་བབ་དང་བསྟུན་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ཡེ། ཀྲུའུ་ཕེ་ཤན། ཀྲའོ་ཧྲོའེ་ཅེ།   |     སྤེལ་དུས།  2026-10-29

    2025ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས། “རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། དེང་རབས་ཞིང་ལས་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་ཁྲིད་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་དང་འབྲུ་རིགས་ཐོན་སྐྱེད་ཞིང་ཆེན་ཆེན་པོ་ཡིན་པའི་ངོས་ནས་ཧོ་ནན་གྱིས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྤུས་འབྲས་ཆེ་བའི་སྒོ་ནས་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་སྐྲུན་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཧོ་ནན་གྱི“ཞིང་གསུམ”ལས་དོན་གྱི་ཕུལ་དུ་བྱུང་བའི་རྒྱུགས་ལན་ཕུལ་བ་རེད།

    ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བ།

    ས་ཞིང་འདེབས་པའི་ལས་ཕྱོད་སྔར་བས་ཆེ་རུ་བཏང་བ།

    རྒྱལ་ཡོངས་ཀྱི་རྨོ་ཞིང་6%ཙམ་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་10%ཙམ་ཟིན་པ་དང་། འབྲུ་རིགས་ཐོན་འབོར་ལོ་9བསྟུད་མར་རྒྱ་མ་དུང་ཕྱུར་1300ཡན་ཟིན་པ། གྲོའི་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་བཅས་ནི་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ལྟེ་བའི་ཁུལ་ཡིན་པའི་ཧོ་ནན་གྱི་གཏིང་ཤུགས་རེད།

    གཏིང་ཤུགས་དེ་གང་ནས་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་ཧོ་ནན་གྱི་ཞིང་འཕྲུལ་སྒྲིག་ཆས་རིམ་འཇུག་རིམ་སྤོར་བྱས་པ་ལས་བྱུང་ཞིང་། ཞིང་པར“འཕྲུལ་འཁོར་སྤྱོད་རྒྱུ་ཡོད་པ”ནས“འཕྲུལ་འཁོར་ཡག་པོ་སྤྱོད་རྒྱུ་ཡོད་པའི”བར་དང་། ཞིང་འཕྲུལ་དེ“དུད་ཚང་སོ་སོའི”འཕྲུལ་ཆས་ཆུང་གྲས་ནས“ཞིང་ལས་ཞབས་ཞུའི་ལྟེ་གནས”ཀྱི་རིག་ནུས་སྒྲིག་ཆས་ཆེ་གྲས་སུ་བསྒྱུར་བས་ས་ཞིང་འདེབས་པའི་ལས་ཕྱོད་སྔར་བས་ཆེ་རུ་ཕྱིན་ཡོད།

    ཧོ་ནན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་བསྡོམས་རྩིས་ལས་མངོན་པར། ད་ལོའི“སྟོན་ཁའི་རྨོ་འདེབས་སྡུད་གསུམ”རིང་ཞིང་ཆེན་ཡོངས་ཀྱིས་ཞིང་འཕྲུལ་ཡོ་བྱད་སྣ་ཚོགས་ཁྲི་400ལྷག་ཙམ་བེད་སྤྱད་པའི་ནང་རིག་ནུས་ཞིང་འཕྲུལ་གྱིས་བཟུང་བའི་བསྡུར་ཚད་15%ལས་ཐོག་མར་བརྒལ་བ་དང་། ཨ་ཤོམ་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཁྲི་12ཟིན་པ། འཕྲུལ་བསྡུ་བྱེད་ཚད་92%ཡན་ཟིན་ཡོད།

    ཞིང་འཕྲུལ་རིམ་འཇུག་རིམ་སྤོར་བྱས་པ་ནི་ཧོ་ནན་གྱི་ཞིང་ལས་དེང་རབས་ཅན་མ་ལག་གི་འཕོ་འགྱུར་ཆེན་པོ་ཞིག་རེད། ཤིན་ཤང་གྲོང་ཁྱེར་ཧོ་ཅ་རྫོང་ཝེ་ཀྲོང་ཤང་ཏ་ཝེ་ཀྲོང་གྲོང་ཚོར་མི་མེད་གནམ་གྲུས་ཞིང་ཁར་སྐོར་ཞིབ་དང་། ཟོག་འབྲེལ་དྲ་རྒྱས་གནོད་འབུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན། ཆུ་ལུད་གཞི་གཅིག་ཅན་གྱི་ཆུ་འདྲེན་མ་ལག་མཉམ་སྒྲུབ་བཅས་མངོན་འགྱུར་བྱུང་ཡོད། འབྲུ་རིགས་སྲོ་སྐམ་དང་། མཛོད་ཉར། ལས་སྣོན་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་མ་ལག་ནུས་ཆེའི་ངང་འཁོར་སྐྱོད་ཐུབ་ཡོད།

    ལས་རིགས་འཕེལ་རྒྱས་ཀྱི་དཀའ་གནད་ལ་དམིགས་ནས་ཤིན་ཤང་གྲོང་ཁྱེར་ཧྭ་ཤིས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་གཞོགས་གཉིས་ལྟེ་བྲལ་རླུང་འཁོར་དང་ལྡོག་གནོན་རླུང་འཁོར་ཟུང་དུ་འབྲེལ་བའི་རྡུལ་ཕྱགས་མ་ལག་ཉིས་བརྩེགས་ཀྱི་དོ་རྒྱག་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་བྱས་པ་དང་འབྲེལ། སྔོན་ཐོན་གྱི་ཞིབ་བཟོའི་སྒྲིག་ཆས་སྒྲིག་སྦྱོར་བྱས་པས་སོག་མར་ཧ་ལམ་ཐལ་རྡུལ་མཐོང་རྒྱུ་མེད་པར་གྱུར་ནས་སྒོ་ཕྱུགས་ལ་གཟན་རྩྭ་གཙང་མ་ཟ་རྒྱུ་བྱུང་ཡོད།

    ཟླ་10ཚེས་27ཉིན་བར། ཧོ་ནན་ཞིང་ཆེན་དུ་སོག་ཤུལ་གཙང་བཟོ་བྱས་པའི་རྒྱ་ཁྱོན་མུའུ་ཁྲི་9917ཟིན་པ་དང་། ས་ཁོད་སྙོམས་པའི་རྒྱ་ཁྱོན་མུའུ་ཁྲི་7596ཟིན་པ། གྲོ་མུའུ་ཁྲི་4755བཏབ་ཟིན་པ་དེས་སྔོན་དཔག་རྒྱ་ཁྱོན་གྱི་55.9%བཟུང་བ། ཉིན་རེར་འདེབས་ཁྱོན་མུའུ་ཁྲི་731ཟིན་ཡོད།

    ཐོན་ལས་ཀྱི་རྨང་གཞི་བཏིང་པ།

    ཡུལ་མི་སྤུན་ཟླ་ཚོར་འབབ་འཕར་ཡོང་བར་བྱས་པ།

    ཀྲུའུ་མ་ཏན་གྲོང་ཁྱེར་ཆུའེ་ཧྲན་རྫོང་ཀྲུའུ་ཀོའུ་གྲོང་རྡལ་ཞའོ་ཝང་ཀྲོང་གྲོང་ཚོར་སྐྱོད་སྐབས་གང་སར་སྒོ་ར་ཡོད་པའི་ཨོག་ལེན་རོལ་ཆ་བཟོ་ཁང་མཐོང་རྒྱུ་ཡོད་ཅིང་། ཤིང་གཞོག་པ་དང་། རྡར་བ། སྒྲ་གདངས་སྒྲིག་པ་བཅས་ཀྱི་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས་པ་དང་། ཤིང་ཆ་དཀྱུས་མ་རེ་རེར་བཟོ་བོས་ཞིབ་ཚགས་བརྐོས་པ་བརྒྱུད་སྒྲ་གདངས་སྙན་པའི་ལག་བཟོས་ཨོག་ལེན་རོལ་ཆ་ཆུང་ཆུང་དུ་གྱུར།

    ཆུའེ་ཧྲན་རྫོང་ཡོངས་སུ་ཤིང་ཆ་གཅོད་པ་དང་བརྐོས་རྒྱག་པ་ནས་རྩི་གཏོང་བའི་བར་གྱི་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་ཆགས་ཡོད། རྫོང་དེ་ཡོངས་སུ་ཨོག་ལེན་རོལ་ཆ་དང་དེའི་ལྷུ་ལག་བཟོ་བའི་ཁེ་ལས་144བར་མང་དུ་ཕྱིན་པ་དང་། ལས་གཉེར་བ་2600ལྷག་ཙམ་ཟིན་པ། ལོ་རེར་ཨོག་ལེན་རོལ་ཆ་ཁྲི་40ལྷག་ཙམ་ཐོན་པ། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་6ལྷག་ཙམ་ཟིན་ཡོད། 

    “ང་ཚོའི་ཐོན་རྫས་ཕྱི་རྒྱལ་གྱི་རྒྱལ་ཁབ་མང་པོར་གཏོང་གི་ཡོད། སྤུས་ཚད་གཅིག་པའི་ལག་བཟོས་ཨོག་ལེན་ཁྲོད་འདི་གའི་གོང་ཚད་ལ་རྒྱལ་སྤྱིར་འགྲན་རྩོད་ནུས་པ་ཆེན་པོ་ཡོད”ཅེས་ཕྱུག་འགྱུར་སྣེ་ཁྲིད་པ་ཝང་ཅིན་ཝུའུ་ཡིས་བཤད། ཁོང་གིས་ཨོག་ལེན་བཟོ་བར་ལོ་20ལྷག་ཙམ་གཞོལ་ཞིང་། དུས་རབས་གོང་མའི་ལོ་རབས་80པར་ཕ་ཡུལ་གཅིག་པ་མང་པོ་ཞིག་དང་མཉམ་དུ་པེ་ཅིང་དུ་ཨོག་ལེན་བཟོ་སྟངས་སྦྱོང་བར་བསྐྱོད་པ་དང་2015ལོར་རྫོང་གི་འབོད་སྐུལ་དང་ལེན་ཞུས་ནས་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་བྱས། “ད་ཆ་བསམ་འདུན་ཆེ་ཤོས་ནི་ཡུལ་མི་སྤུན་ཟླ་ཚོར་འབབ་འཕར་ཡོང་བ་བྱ་རྒྱུ་དེ་ཡིན”ཞེས་ཁོང་གིས་བཤད།

    “ལོ་6ཙམ་འཕེལ་རྒྱས་བཏང་བ་བརྒྱུད། ད་ཆ་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་50ཟིན་ཡོད”ཅེས་ཧོ་པི་གྲོང་ཁྱེར་ཧོ་ཧྲན་ཆུས་ཧོ་པི་གྲོང་རྡལ་ཤིས་མ་ཅུས་ཧོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཁྲང་ཕིང་གིས་བཤད། ལོ་6གོང་གྲོང་ཚོར་མཉམ་སྡེབ་ཡོང་འབབ་ཧ་ལམ་མེད་པ་རེད།

    འགྱུར་ལྡོག་འདི་འདྲ་གང་ནས་བྱུང་བ་ཡིན་ནམ། 2020ལོར་ཝང་ཁྲང་ཕིང་གིས་སྲིད་ཇུས་དང་ལེན་ཞུས་ནས་ཕ་ཡུལ་དུ་ལོག་སྟེ་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར། ས་གནས་དེ་གའི་ཚ་འོད་དང་ས་ཆའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁོང་གིས་ཡུལ་མིའི་སྣེ་ཁྲིད་དེ་འོད་ཤུགས་ཁྱབ་གདལ་གཏོང་བ་དང་བྱ་དེ་གསོ་ཚགས་དང་སྒོ་ང་སོས་པ་ལས་སྣོན་ལས་རིཌ་འཕེལ་རྒྱས་བཏང་བས། ཁྱད་ལྡན་ཐོན་ལས་མེད་པ་ནས་ཡོད་པ་དང་རིམ་བཞིན་འཕེལ་རྒྱས་སྟོབས་ཆེར་ཕྱིན་ཡོད།

    ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཧོ་ནན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16258ཟིན་པ་དེ་དུས་མཚུངས་ལས་6.4%འཕར་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་1.7གྱིས་མཐོ་བ་ཡོད་པ་རེད།

    རིག་གནས་ཀྱིས་བླ་སྲོག་བཏོད་པ།

    གྲོང་གསེབ་ཏུ་ཕ་ཡུལ་གྱི་འཕྲེང་སེམས་མངོན་པར་བྱས་པ།

    ཧོ་པི་གྲོང་ཁྱེར་ཅུན་རྫོང་ཕི་ཧྲན་ཁྲོམ་གཞུང་ཤིས་དབྱང་ཆི་ཐུན་གྲོང་ཚོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཅུན་རྫོང་གི་འཇིམ་བཟོའི་རྩེད་ཆས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་སུང་ཁའེ་ཀྲན་གྱིས་བློ་རྩེ་གཅིག་སྒྲིམ་ངང་འཇིམ་བརྙན་བཟོ་བཞིན་ཡོད། འགྲམ་གྱི་འགྲེམས་སྟེགས་ཐོག་བཟོ་དབྱིབས་ཐུན་མོང་མ་ཡིན་པ་དང་མི་རྣམས་དགའ་པོ་བྱེད་པའི་ཐོན་རྫས་སྣ་ཚོགས་འདུག

    “ང་རང་ཧ་གཉིད་གོ་བ་ནས་བཟུང་། ཕ་མས་འཇིམ་བཟོའི་ཐོན་རྫས་བཟོས་ནས་འཚོང་གི་ཡོད། ཐོན་རྫས་དེ་དག་གིས་མི་རབས་གཅིག་གི་བྱིས་དུས་ཀྱི་སྤྲོ་སྣང་མཚོན་པ་དང་། དེ་སྔ་ཁྲོམ་རའི་ཐོག་ཕྲུ་གུ་ཚོས་དགའ་ཤོས་བྱེད་པའི་རྩེད་ཆས་ཤིག་རེད” ད་ལོ་ལོ་40ལ་སླེབས་པའི་སུང་ཁའེ་ཀྲན་གྱིས་ཉེ་བའི་ལོ་ཤས་རིང་། དར་བཟོ་ཆེ་བའི་རྩེད་ཆས་གསར་པ་གཅིག་རྗེས་གཉིས་མཐུད་ངང་མི་རྣམས་ཀྱི་འཚོ་བའི་ཁྲོད་ཐོན་པས་འཇིམ་བཟོས་རྩེད་ཆས་ཁྲོམ་རར་བྲིན་ཁ་རྒྱུག་པོ་དེ་ཙམ་མེད་ཅེས་བཤད།

    སུང་ཁའེ་ཀྲན་གཅིག་པུ་མིན་པར་གྲོང་ཚོའི་གསར་སྐྱེས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཁག་གཅིག་གིས་ཀྱང་འགྱུར་ལྡོག་ཧུར་ཐག་གཏོང་བཞིན་ཡོད། ལ་ལས་འཚོ་བའི་ཡུལ་རྣམ་སྔོག་འདོན་གཏིང་ཟབ་བྱས་ཏེ་འཇིམ་བཟོས་རྩེད་ཆས་དང་། མགུལ་རྒྱན། ལྟོ་ཕད་ཀྱི་འདོགས་ཆས་སོགས་རིག་གནས་བསམ་བཀོད་ཐོན་རྫས་གསར་སྤེལ་བྱས་ནས། གནའ་བོའི་འཇིམ་བཟོས་ཐོན་རྫས་འགྲེམས་རྫས་ནས་རྒྱུན་གཏན་གྱི་འཚོ་བ་དང་མཉམ་འདྲེས་ཐུབ་པར་བྱས་ཡོད།

    ཅུན་རྫོང་གི་འཇིམ་བཟོས་རྩེད་ཆས་ཐོན་ཡུལ་གཙོ་བོ་ཡིན་པའི་ཤིས་དབྱང་ཆི་ཐུན་གྲོང་ཚོར་འཇིམ་བཟོས་རྩེད་ཆས་འགྲེམས་ཁང་དང་། ཁྲིད་སྦྱོང་ཁང་། རྟེན་མཛོད་ཁང་། ལག་རྩལ་ཆེ་མོ་བའི་བཟོ་ཁང་སོགས་རིག་གནས་ཁང་36བསྐྲུན་པ་དང་། ལག་ཤེས་པ་1000ལྷག་ཙམ་ཟིན་པ། ལོར་འཇིམ་བཟོས་ཐོན་རྫས་ཁྲི་2000ལྷག་ཙམ་འཚོང་གི་ཡོད། ས་གནས་དེ་གས་འཇིམ་བཟོས་རྩེད་ཆས་དང་། ཞིབ་སྦྱོང་། རིག་གནས་བསམ་བཀོད། དྲ་ཚོང་སྐྱོང་སྤེལ་བཅས་ཟུང་དུ་འབྲེལ་བའི་ཞིང་འབྲེལ་ཞིང་ཁྲིད་བྱེད་སྟངས་འཚོལ་ཞིབ་བྱས་ནས། གྲོང་ཚོ་ཡོངས་ཀྱི་འཇིམ་བཟོས་ཐོན་རྫས་ཀྱི་ལོའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་4800ལྷག་ཙམ་ཟིན་རྒྱུར་སྐུལ་འདེད་བཏང་སྟེ་ཡུལ་མི་མི་རེའི་ཆ་སྙོམས་འབབ་འཕར་སྒོར་5000ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

    ཟླ་10ཚེས་5ཉིན། 《ཧོ་ནན་ཞིང་ཆེན་གྱིས་དར་དམར་ཆུ་ཡུར་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་2027ལོའི་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། དེ་ནི་ཧོ་ནན་གྱི“ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་དར་དམར་ཆུ་ཡུར་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལེའུ་གསར་པ་ཞིག་རེད།

    “དར་དམར་ཆུ་ཡུར་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ང་ཚོས་རྒྱུན་ཆད་མེད་པར་རྣམ་པ་གསར་གཏོད་བྱས་ཏེ་ལོ་རྒྱུས་ཟབ་མོ་མྱོང་ཚོར་ཐུབ་པ་བྱེད་དགོས”ཞེས་ཆིན་ཁྲེན་ཁའེ་ཡིས་བཤད་པ་དང་། ཁོང་གིས་ལོ་དེ་དག་རིང་ཚོགས་པས་ཤོག་དྲས་འདྲ་གཟུགས་དང་། པར་བཤུས། ལོ་བརྐོས། རས་ཁུག་སོགས་རིག་གནས་གསར་གཏོད་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱས་ནས་དར་དམར་ཆུ་ཡུར་གྱི་གཏམ་རྒྱུད་མི་དེ་བས་མང་བས་ཤེས་རྟོགས་ཐུབ་པར་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།