ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་འདས་པོ་ཧྥུའུ་ཐེན་ཁང་ཧྥུའུ་ཡི་ནང་མིར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་འདས་པོ་ཧྥུའུ་ཐེན་ཁང་ཧྥུའུ་ཡི་ནང་མིར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ནས། ཧྥུའུ་ཐེན་ཁང་ཧྥུའུ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་ནང་མིར་སེམས་གསོའི་འཚམས་འདྲི་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། སྐུ་ཞབས་ཧྥུའུ་ཐེན་ཁང་ཧྥུའུ་ནི་རི་པིན་གྱི་ཁ་དན་ཚིག་ལ་གནས་པ་དང་འགན་འཁྲི་འཁུར་ཕོད་པའི་ཆབ་སྲིད་མཁས་ཅན་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་ཀྱང་ཡིན། དུས་ཡུན་རིང་པོའི་ནང་ཀྲུང་རིའི་མཛའ་གྲོགས་ཐུགས་སུ་བཅངས་པ་དང་། ལོ་རྒྱུས་ཀྱི་ལྟ་བ་ཡང་དག་རྒྱུན་འཁྱོངས་གནང་སྟེ། ལས་འགན་འཁུར་རིང་ཀྲུང་གོ་ཕྱོགས་དང་ཀྲུང་་རིའི་ཆབ་སྲིད་ཡིག་ཆ་ཨང་བཞི་པར་མིང་རྟགས་བཀོད་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་རྩ་དོན་གལ་ཆེན་གསལ་བཟོ་གནང་ཡོད། སྐུ་ཞབས་ཧྥུའུ་ཐེན་གྱིས་དེ་སྔ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལས་འཛིན་འགོ་གཙོའི་འགན་བཞེས་ཏེ་ཨེ་ཤེ་ཡ་ས་ཁུལ་གྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྐུ་ཞབས་ཧྥུའུ་ཐེན་གྱིས་ཀྲུང་རིའི་འབྲེལ་བ་དང་ཨེ་ཤེ་ཡའི་འཕེལ་རྒྱས་ལ་བྱས་རྗེས་བཞག་གནང་བ་ནམ་ཡང་བརྗེད་མི་སྲིད། འདས་པོའི་ནང་མིས་སྐུ་ཞབས་ཧྥུའུ་ཐེན་གྱི་ཕུགས་འདུན་རྒྱུན་འཛིན་བྱས་ནས། ཀྲུང་རིའི་མཛའ་མཐུན་བྱ་གཞག་ལ་མུ་མཐུད་གཞོལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། རི་པིན་གྱི་སྲིད་དབང་འཛིན་མཁན་ཚོས་ཆབ་སྲིད་མཁས་ཅན་རྒན་རབས་པའི་སེམས་ནུས་དང་འབད་བརྩོན་ལ་བརྩི་མཐོང་བྱས་ཏེ། ཀྲུང་རིའི་ཆབ་སྲིད་ཡིག་ཆ་བཞི་པོར་བརྩི་སྲུང་ནན་པོ་ཞུས་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲུང་སྐྱོང་ཏན་ཏིག་བྱ་རྒྱུའི་རེ་བ་ཡོད།
འབྲེལ་ཡོད་གསར་འགྱུར།