དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-29

    སྐོར་གཟིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་ཚོགས་ཆུང་བཅའ་སྡོད་བྱས་ཟིན་ཞིང་། ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་15ཡིས་སློབ་གསོ་པུའུ་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་སློབ་31གི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་ཡིན་པ་རེད།

    སྐོར་གཟིགས་བྱ་ཡུལ་ཚན་པ་ཁག་སོ་སོས་སྐོར་གཟིགས་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་འཚོགས་པ་དང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྐུལ་སློང་གསུང་བཤད་གནང་ནས། སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྐོར་གཟིགས་ལས་དོན་ཏན་ཏིག་སྤེལ་དགོས་པའི་ཐད་བླང་བྱ་བཏོན་པ་རེད།

    ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་གྱི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་ཀྱི་བཀོད་སྒྲིག་ལ་བརྩིས་ཏེ། སྐོར་གཟིགས་ལས་དོན་གཞུང་འཁྱོངས་གསར་འབྱེད་དང་འཕེལ་རྒྱས་གཏིང་ཟབ་འགྲོ་བར་ཁྲིད་སྟོན་བྱས་ནས་སྐོར་གཟིགས་དེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་རལ་གྲི་རྣོན་པོ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ལག་ཆ་ནུས་ལྡན་ཞིག་ཏུ་འགྱུར་བར་བྱས་ཡོད། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན་པ་དང་། མཐོ་རིམ་སློབ་གསོ་ནི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་སྣེ་འདྲེན་ཡིན་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། སློབ་གསོ་པུའུ་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་སློབ་ལ་སྐོར་གཟིགས་བྱེད་པ་ནི་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་བ་དང་། ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་སྲུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་བ་དང་འདེཌ་སྐྱོར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཏང་ཀྲུང་དབྱང་གིས་དཀྲིས་པའི་སྐོར་གཟིགས་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་དགོས།

    ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་ནན་བཤད་བྱས་དོན། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། “སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་སྟངས་འཛིན་ནན་པོ། སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བཅས་བྱས་ནས་ཆབ་སྲིད་སྐོར་གཟིགས་ཀྱི་བླང་བྱ་དོན་འཁྱོལ་གནད་སྨིན་བྱེད་དགོས། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་ནུས་དང་འགན་འཁྲིར་དམིགས་ནས་ལྟ་སྐུལ་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་། སློབ་གསོའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ལ་དམ་པོར་དམིགས་ནས་ལྟ་སྐུལ་བྱེད་པ། སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་དང་སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པ་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ཞིབ་བཤེར་གཏིང་ཟབ་བྱེད་པ། ཉེན་ཁ་འགོག་ཟོན་དང་སེལ་བའི་གནས་ཚུལ་ལ་ཞིབ་བཤེར་གཏིང་ཟབ་བྱེད་པ། ཏང་ལ་དོ་དམ་ནན་པོ་དང་ཏང་སྐྱོང་བ་དང་ཚན་ཁག་དཔུང་ཁག་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་གནས་ཚུལ་ལ་ཞིབ་བཤེར་གཏིང་ཟབ་བྱེད་པ། ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཤེས་རྟོགས་ཧུར་ཐག་དང་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་བྱེད་དགོས།

    སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས་བརྗོད་དོན། སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་དང་། ཐུན་མོང་གི་གནད་དོན་ལ་མཉམ་དུ་ལན་རྒྱག་རྒྱུ་མཐའ་འཁྱོངས། སྐོར་གཟིགས་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག རང་རྟོགས་ངང་ལྟ་སྐུལ་དང་ལེན། དག་ཐེར་ལ་དམ་འཛིན་ནན་པོ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཇི་མ་ཇི་བཞིན་ལག་བསྟར་བཅས་བྱས་ཏེ། རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ཐུབ་པར་བྱེད་ཀྱི་ཡིན།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་15ཡིས་སྐོར་གཟིགས་བྱ་ཡུལ་ཚན་པར་སྐོར་གཟིགས་ཟླ་བ་གཉིས་ཙམ་བྱེད་རྒྱུ་ཡིན་ཞིང་། དེའི་རིང་ཆེད་མངགས་སྡོད་བྱའི་ཁ་པར་དང་སྦྲག་སྒམ་བཙུགས་ནས་གཙོ་བོ་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་། གཤམ་འོག་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་བཅས་ཀྱི་གནད་དོན་ཐེར་འདོན་གྱི་ཡི་གེ་དང་། ཁ་པར། ཞུ་བཅར་བཅས་བདག་སྤྲོད་བྱེད་རྒྱུ་ཡིན་པ་དང་། གཙོ་གནད་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལས་འགལ་བའི་སྐོར་གྱི་ཐེར་འདོན་དང་གོང་ཞུ་བྱ་རྒྱུ་ཡིན་པ་རེད། སྐོར་གཟིགས་ཚོགས་ཆུང་གིས་ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་མཚམས་འཇོག་དུས་ནི་2026ལོའི་ཟླ་12ཚེས་21ཉིན་བར་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།