དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྡོད་ཁང་གསར་པ་དྲོ་སོབ་སོབ། འཚོ་བ་རིམ་བཞིན་སྐྱིད་ལྷང་ལྷང་།

    —— སྦྲ་ཆེན་རྫོང་ཡོམ་ཁུལ་གྱི་མང་ཚོགས་སྦྲ་གུར་ནས་སྒྲིག་ཁང་ནང་སྤོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-29

    འདི་ནི་གཞི་རིམ་ལས་བྱེད་པས་འབྲོག་པ་གུར་ནས་སྒྲིག་ཁང་དུ་སྤོ་རོགས་བྱེད་བཞིན་པ།

    ཟླ་10ཚེས་26ཉིན་གྱི་སྔ་དྲོར། སྦྲ་ཆེན་རྫོང་དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ། སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཁྲིམས་ལུགས་རུ་ཆེན་གྱི་ཁྲིད་སྟོན་པ་ཞུས་ལེང་གིས་ལག་གཡོན་མར་ཕོ་ཁེབས་དང་ལག་གཡས་པར་འབྲས་ཕད་གོག་གཅིག་འཁྱེར་ནས་ངོ་གདོང་ཐལ་བས་ཁེངས་བཞིན་དུ་བགྲེས་སོང་རོང་འབྲུག་གི་སྒྲིག་ཁང་ཕྱོགས་སུ་བསྐྱོད། ས་ཡོམ་བརྒྱབ་པའི་ཉིན་དེ་ནས་བཟུང་། ཁོང་དང་ཁོང་གི་ལས་རོགས་ཚོ་དེ་གར་རོགས་པ་བྱེད་པར་སླེབས་པས། སུའི་ཁྱིམ་ཚང་ལ་རྒན་རྒོན་ཡོད་པ་དང་། སུའི་ཁྱིམ་ཚང་ལ་ངལ་རྩོལ་ནུས་ཤུགས་མེད་པ་ཚང་མ་སེམས་ནང་གསལ་པོར་ཤེས་ཀྱི་ཡོད།

    དུས་ཐུང་ཉིན་4ཡི་ནང་། བྲག་ཧྲོབ་རྒལ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཡུལ་མི་རྣམས་སྦྲ་གུར་ནས་སྒྲིག་ཁང་ནང་སྤོས་ཤིང་། སྒྲིག་ཁང་རིམ་པ་སྟར་ཆགས་བཞིན་བསྒྲིགས་ཏེ་བོད་བྱང་ཐང་གི་གྲང་རླུང་ཁྲོད་བློ་བདེ་བག་ཕེབས་ཀྱི་སྡོད་གནས་ཤིག་བཏོད་ཡོད།

    སྦྲ་གུར་ནས་སྒྲིག་ཁང་བར་དང་། འཕྲལ་སྡོམ་ཉེན་གཡོལ་ནས་བར་བརྒལ་བཀོད་སྒྲིག་བར། སྒྲིག་ཁང་རེ་རེའི་ནང་འབྲོག་པ་ཚོ་སྔོན་ཆད་ལྟར་གྱི་འཚོ་བ་སྐྱེལ་འགོ་ཚུགས།

    ད་ཆ་དམར་རུ་ཤང་གི་བཀོད་སྒྲིག་བྱ་ཡུལ་དུ་སྐོར་སྐྱོད་སྨན་བཅོས་དང་། དྲ་མིག་འགན་འཁྲི་གཙང་ལེན། ཏང་ཡོན་གདོང་ལེན་ལས་གནས་བཅས་ཀྱིས་མང་ཚོགས་ལ་དཀའ་ངལ་འཕྲད་ཚེ། ཁ་པར་རྒྱག་ཐེངས་གཅིག་ལ་འཕྲལ་མར་རོགས་རམ་བྱེད་ཀྱི་ཡོད།

    དམར་རུ་ནས་གངས་ཆེན་བར། བཀོད་སྒྲིག་བྱ་ཡུལ་ས་མཐོའི་ལམ་བུ་བརྒྱུད་སྣུར་སྲིང་བྱས་ཡོད།

    ཚེས་27ཉིན་གྱི་ཕྱི་དྲོར། གངས་ཆེན་ཤང་གི་དངོས་ཟོག་འགན་ལེན་ས་ཚིགས་སུ་ཤང་ཀྲང་གཞོན་པ་མིག་དམར་བཀྲ་ཤིས་ཀྱིས་མི་སྣ་ཁྲིད་དེ་རླངས་འཁོར་ནས་འབེབས་བཞིན་པའི་དངོས་ཟོག་གི་ཁ་གྲངས་བཤེར་བཞིན་ཡོད་པ་དང་། སྔོ་ཚལ་དང་། རྡོ་སོལ། ལྕི་བ། གཏེར་ཆུ། ཕོ་ཁེབས། གྱོན་གོས། ཉལ་ཁྲི། ཇ་བག་ཆུང་། ཤ་རིགས་སོགས་བླུགས་པའི་རླངས་འཁོར་རེ་རེ་བཞིན་བཀོད་སྒྲིག་བྱ་ཡུལ་དུ་འབྱོར།

    གངས་ཆེན་ཤང་ད་ལུང་ལྐོག་གྲོང་ཚོ་ནི་གངས་ཆེན་ཤང་གི་མི་འབོར་མང་ཤོས་དང་རང་བྱུང་གྲོང་ཚོ་ཁ་ཐོར་ཆེ་ཤོས་ཀྱི་གྲོང་ཚོ་ཞིག་ཡིན་པ་དང་། རང་བྱུང་གྲོང་ཚོ་9ཐར་ཐོར་ངང་སྤྱི་ལེ་30ལྷག་ཙམ་གྱི་རི་ལམ་དུ་གནས་ཡོད། ཉིན་དེ་དག་རིང་། ད་ལུང་ལྐོག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་དར་འཕེལ་གྱིས་དངོས་ཟོག་སྐྱེལ་བཞིན་ཡོད་པ་དང་། ཐག་ཉེ་སར་ཐེངས་གསུམ་བཞི་ཙམ་དང་། ཐག་རིང་སར་ཐེངས་གཉིས་གསུམ་ཙམ་སྐྱེལ་བར་འགྲོ་གི་ཡོད། “ལམ་ཐག་རིང་བར་མི་སྐྲག འགྲོ་སྐྱོད་བྱེད་ཐེངས་ཚང་མར་དུད་ཚང་གཅིག་ཀྱང་ལུས་སུ་འཇུག་མི་རུང”ཞེས་ཚེ་རིང་དར་འཕེལ་གྱིས་བཤད།

    བྲག་ཧྲོབ་རྒལ་གྲོང་ཚོའི་ལྕགས་ཐབ་རེ་རེ་ནས་གངས་ཆེན་ཤང་གི་སྔོ་ཚལ་རླངས་འཁོར་རེ་རེའི་བར། སྒྲིག་ཁང་ཆེན་པོ་མེད་ཀྱང་དེའི་ནང་བདེ་འཇགས་ཚོར་སྣང་ཤིན་ཏུ་ཟབ། རི་ལམ་ལམ་ཐག་རིང་ཡང་ཕར་འགྲོ་ཚུར་འོང་བྱེད་མཁན་རྒྱུན་ཆད་རྒྱུ་མེད། གྲང་རླུང་རི་ལྡེབས་བརྒྱུད་ནས་དལ་བུར་ལྡང་བས་སྒྲིག་ཁང་སྟེང་གི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་ནས་སྡོད་ཁང་གསར་པ་དྲོ་སོབ་སོབ་ཆགས་པ་དང་འཚོ་བ་རིམ་བཞིན་སྐྱིད་དུ་འགྲོ་འགོ་ཚུགས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།