དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བོད་ལྗོངས་སྦྲ་ཆེན་གྱི་ཡོམ་འགོག་གེགས་སེལ་གྱི་ས་ཡུལ་དངོས་ཀྱི་གནས་ཚུལ་རགས་བྲིས།

    གུང་ཁྲན་ཏང་ཡོན་བཀྲག་མདངས་འཚེར་ཤོས་སུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-29

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། པེན་མིན་ཏེ། ཞུས་ཡུས་ཡའོ། མི་དམངས་དྲ་བའི་གསར་འགོད་པ། ལི་ཧའེ་ཞ།

    གུང་ཁྲན་ཏང་ཡོན་ནི་གང་འདྲ་ཞིག་ཡིན་ནམ།

    འགག་རྩའི་དུས་སུ་གདོང་མཆོང་བྱེད་ཕོད་པ་དང་ཉེན་ཁའི་དུས་སུ་གང་ལའང་མ་འཛེམས་པ་ནི་གུང་ཁྲན་ཏང་ཡོན་ངོ་མ་ཡིན།

    བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0གྱི་ཉེན་སེལ་རོགས་སྐྱོབ་ཀྱི་ས་ཡུལ་དངོས་སུ་གུང་ཁྲན་ཏང་ཡོན་དེ་འདྲ་གང་སར་མཐོང་རྒྱུ་ཡོད། དེ་གར་ཆ་སྙོམས་ས་བབ་སྨི་4800ཙམ་ཟིན་ཞིང་། ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཁར་གསོ་རླུང་དཀོན་པ་མ་ཟད། ཡོམ་འཕྲོ་ཡང་ཡང་རྒྱག་གི་ཡོད།

    གནོད་འཚེ་ནི་བཀའ་རྒྱ་ཡིན། ཏང་ཡོན་རེ་རེས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་ནས་མཚན་མོ་དེ་རང་ལ་ཡོམ་ཁུལ་དུ་བསྐྱོད། མང་ཚོགས་བདེ་འཇགས་ངང་གནས་སྤོ་བྱས་ནས་དུད་ཚང་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་པ་དང་། གནས་སྐབས་ཏང་ཀྲི་པུའུ་43བཀོད་སྒྲིག་བྱ་ཡུལ་དུ་བཙུགས་ནས། གུར་རེའི་དུད་ཚང་་འགན་གཙང་ལེན་གྱིས་ཉིན་མོ་འཚོ་བར་ལྟ་རྟོག་དང་དགོང་མོ་ཡུལ་མིའི་བདེ་སྡུག་འདྲི་གི་ཡོད་ལ། གུར་གྱི་སྒོ་འགྲམ་དུ་སྤྱི་བསྒྲགས་བྱང་བུའང་བཀལ་ཡོད།

    འཐབ་ས་དང་པོར་ཏང་དར་འཕྲལ་མར་བཙུགས་པས། ད་ཆ་དམར་རུ་ཤང་དང་གངས་ཆེན་ཤང་དུ་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ་དང་ཏང་རྟགས་ལས་འོད་མདངས་འཕྲོ་བཞིན་ཡོད།

    མང་ཚོགས་ཀྱིས་རོགས་སྐྱོར་བྱེད་མཁན་མི་རེ་ངོ་རེ་ཧ་ལམ་ངོ་ཤེས་དཀའ་མོད། འོན་ཀྱང་ཁོང་ཚོ་ཐུན་མོང་གི་མིང་ལ་གུང་ཁྲན་ཏང་ཡོན་ཟེར་གྱི་ཡོད་པ་དེ་བརྗེད་མེད།

    གུང་ཁྲན་ཏང་ཡོན་ཡིན་པའི་སྦྲ་ཆེན་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་རུ་དཔོན་རྒན་པ་བཀྲ་ཤིས་ཟླ་བས་རོགས་སྐྱོབ་ལས་དོན་ནང་རང་འགུལ་ངང་ཞུགས་རྒྱུའི་རེ་འདུན་ཞུས། རླངས་འཁོར་གཉིས་དང་མི་8ཡོད་པ་ནི་ཁོང་གིས་སྣེ་ཁྲིད་པའི་གདོང་མཆོང་འཕྲལ་སྐྱོབ་ཡན་ལག་རུ་ཁག་ཡིན་ཞིང་། ཟླ་10ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་1དང་སྐར་མ་20ལ་ཁོང་ཚོ་དམར་རུ་ཤང་དུ་འབྱོར་ནས་ལྟེ་བའི་གེགས་ཁུལ་གྱི་ཆེད་ལས་རོགས་སྐྱོབ་ཀྱི་སྟོབས་ཤུགས་ཁག་དང་པོར་གྱུར།

    ཡུལ་མིའི་སྡོད་ཁང་ལ་སེར་ག་ཤོར་ནས་ཉེན་ཁ་ཆེན་པོ་ཡོད་སྟབས། བཀྲ་ཤིས་ཟླ་བས་ལས་སྒྲུབ་ཚོགས་ཆུང་ཚན་རིག་དང་མཐུན་པའི་ངང་ཁག་བགོས་དང་གྲལ་བཤེར་གྱི་ལམ་ཐིག་ཁ་གསལ་བཟོས་པ་མ་ཟད། ཡོམ་འཕྲོར་མ་འཛེམས་པར་རྡིབ་པའི་ཁང་པ་རེ་རེའི་ནང་འཛུལ་ནས། ཁེར་སྡོད་རྒན་རྒོན་དང་། གཞིས་ལུས་ཁྱིམ་ཚང་། ཐག་རིང་གི་དུད་ཚང་བཅས་རེ་རེ་བཞིན་གྲལ་བཤེར་བྱས་པ་མ་ཟད། མང་ཚོགས་621བདེ་འཇགས་ངང་གནས་སྤོ་བྱས་པ་རེད།

    བཀོད་སྒྲིག་བྱ་ཡུལ་དུ་གུར་མང་བས་དྲོད་ལེན་གློག་མང་པོ་སྤྱོད་དགོས་ཀྱི་ཡོད། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་ཟིན་པའི་མཚན་མོར་རླུང་འགྲོ་ཡག་པོ་མེད་པའི་གུར་ནང་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་སླ་པོ་ཡོད་སྟབས། བཀྲ་ཤིས་ཟླ་བས་རུ་སྣེ་ཁྲིད་དེ་གུར་རེ་རེ་བཞིན་ལ་སྐོར་ཞིབ་བྱས་ནས་མངོན་མེད་རྐྱེན་ངན་ཁག་135བསལ་བ་དང་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་ཐེངས་438སྤེལ་བ་རེད།

    ཡོམ་ཁུལ་གྱི་མཚན་མོ་གྲང་ངར་ཧ་ཅང་ཆེ་ནའང་། བཀྲ་ཤིས་ཟླ་བ་དང་འདྲ་བའི་ཏང་ཡོན་གྲངས་ལས་འདས་པས་ལས་གནས་བརྟན་པོ་བསྲུངས་ནས་མང་ཚོགས་ཚོ་བློ་བདེ་བག་ཕེབས་ངང་གཉིད་ཉལ་རྒྱུ་ཡོང་བར་བྱས་ཡོད།

    ཀྲུང་གོ་ཆུ་གློག་རྨང་གཞི་ཅུས་ཚད་ཡོད་ཀུང་སིའི་རུ་སྣེ་འཁྲིད་མཁན་ཏང་ཡོན་ལིའུ་ཙུའུ་ཡུན་ཟླ་10ཚེས་24ཉིན་གྱི་ཐོ་རེངས་ཆུ་ཚོད་4པར་སྦྲ་ཆེན་རྫོང་དུ་འབྱོར་བ་དང་། གྲང་ངར་ཆེ་བའི་མཚན་མོར་གློག་མེད་པའི་དོས་སྒམ་ནང་ཉལ་དགོས་བྱུང་བས་མཚན་གང་གཉིད་ཁུག་ཐུབ་མེད། ཟླ་10ཚེས་26ཉིན་གྱི་ཆུ་ཚོད་17ལ་ཁོང་ཚོས་འགན་འཁུར་བའི་རྐེད་ལ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་སྒྲིག་ཁང་ཚང་མ་བརྒྱབ་ཟིན་ཡོད།

    གུང་ཁྲན་ཏང་ཡོན་ཡིན་པའི་དམར་རུ་ཤང་འཕྲོད་བསྟེན་ཁང་གི་སྨན་པ་རྒྱལ་ཕྱུག་གྲགས་པས་ས་ཡོམ་རྒྱག་སྐབས་མང་ཚོགས་4ལ་སྨན་བཅོས་བྱེད་བཞིན་ཡོད། ཁོང་གིས་ནད་པ་ཁྲིད་དེ་གནས་སྤོ་བྱས་པ་མ་ཟད། སླར་ཡང་ཕྱིར་ལོག་སྟེ་སྨན་ལེན་པར་འགྲོ་སྐབས་ཁང་པའི་ལྕམ་ཤིང་མགོ་ལ་ཟགས་ནས་རྨས་སྐྱོན་ཕོག་སྟེ་ན་ཟུག་ཆེན་པོ་བཏང་རུང་བཟོད་བསྲན་གྱིས་མང་ཚོགས་53མྱུར་སྐྱོབ་བྱས།

    དམར་རུ་ཤང་གྲོང་ཚོ་གཉིས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་རེ་སྨོན་གྱིས་དུད་ཚང་རེ་རེ་བཞིན་ལ་ཉེན་གཡོལ་བྱེད་དགོས་པའི་བརྡ་ཐོ་བཏང་བ་དང་། ཏང་ཡོན་དང་བླངས་པ་ཆུང་མ་ཚེ་རིང་གིས་ཨར་ཤོག་ཤང་ནས་དམར་རུ་ཤང་ལ་གུར་རྒྱག་རོགས་སུ་ཡོང་།

    དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་ཡི་གྲང་ངར་གྱིས་རྐང་ལག་འཁྱགས་སྲིད་ཀྱང་གུང་ཁྲན་ཏང་ཡོན་གྱི་གདོང་མཆོང་གི་སྙིང་སྟོབས་ནམ་ཡང་འགོག་མ་ཐུབ།

    “འདི་གར་ཚང་མས་རང་གཞན་གྱི་དབྱེ་བ་མེད་པར་ལས་ཀ་ཡོད་ཚེ་མཉམ་དུ་སྒྲུབ་ཀྱི་ཡོད”ཅེས་སྦྲ་ཆེན་རྫོང་ཚོང་དོན་ཅུས་ཀྱི་ཏང་ཡོན་བསྟན་པ་ལྷུན་གྲུབ་ཀྱིས་བཤད་པ་དང་། ཁོང་གིས་བཅིངས་འགྲོལ་དམག་གི་འཐབ་འཛིང་པར་ལྟོ་ཆས་གྲ་སྒྲིག་བྱེད་རོགས་དང་མཚན་མོར་ལས་རེས་བྱས་ཏེ་ལྗིད་རྫོབ་ཆེ་བའི་ལས་ཀ་ཚང་མ་ཧབ་ཐོབ་ཀྱིས་བྱེད་ཀྱི་ཡོད།

    ཚེས་25ཉིན་གྱི་དགོང་མོར། དམར་རུ་ཤང་གྲོང་ཚོ་གཉིས་པའི་ཡུལ་མི་བཀྲ་ཤིས་དཔལ་གཡང་གི་ནང་མི་ཚོ་སྒྲིག་ཁང་ནང་སྤོས། སྒྲིག་ཁང་ནང་གི་ལྕགས་ཐབ་ལས་མེ་ལྕེ་འུར་འུར་དུ་འབར་ལ་ཧུའུ་་ནང་ནས་ཆུ་ལྷོག་ལྷོག་ཏུ་འཁོལ་བཞིན་ཡོད། “ལྕགས་ཐབ་དང་། ལྕི་བ། རྡོ་སོལ་བཅས་ཚང་མ་སྲིད་གཞུང་གིས་གནང་བྱུང་ལ། ཏང་ཡོན་དང་ལས་བྱེད་པ་ཚང་མས་བེད་སྤྱོད་གཏོང་ཆོག་ཆོག་ཀྱང་བཟོས་བྱུང”ཞེས་བཀྲ་ཤིས་དཔལ་གཡང་གིས་བཤད།

    ལྕི་བ་དང་རྡོ་སོལ་ནི་ཡོམ་ཁུལ་དུ་མཐོང་མང་ཤོས་ཀྱི་འབུད་ཤིང་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་མ་དངུལ་གྲབས་གསོག་བྱས་པ་དང་སྦྲ་ཆེན་ཤང་ཏང་ཨུད་ཀྱིས་ཟླ་10ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་4པར་རྡོ་སོལ་ཏུན་24བསྡུ་རུབ་བྱས་ཏེ་ཁག་གཉིས་ལ་བགོས་ནས་མཚན་མོ་དེ་རང་དུ་བཀོད་སྒྲིག་བྱ་ཡུལ་དུ་བསྐྱལ་བ་དང་། ཨར་ཤོག་ཤང་ཚུ་རོང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དོན་གྲུབ་དང་མདོ་གྱེས་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་རྒྱལ་གྱིས་མང་ཚོགས་སྐུལ་སློང་བྱས་ཏེ་ལྕི་བ་རྩྭ་རས་300ལྷག་ཙམ་ཞལ་འདེབས་བརྒྱབ་པ། བེན་མཐའ་ཤང་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་500ཡིས་ལྕི་བ་ཏུན་71དང་རྡོ་སོལ་ཏུན་25ཞལ་འདེབས་བརྒྱབ་ཡོད།

    “ས་ཡོམ་བརྒྱབ་པའི་དགོང་མོ་དེར་ཞེད་ནས་མཚན་གང་གཉིད་ཁུག་མ་བྱུང་། བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས་གྲང་ན་ལྕགས་ཐབ་དང་ཕོ་ཁེབས་ཡོད་ལ། ལྟོགས་ན་ལྟོ་ཆས་ཚ་པོ་བཟའ་རྒྱུ་ཡོད་པས་སེམས་ལྷོད་ལ་བབས་སོང”ཞེས་པའི་མང་ཚོགས་ཀྱི་ཆེས་བབ་ཆགས་པའི་སྐད་ཆ་དག་ལས་ཚང་མའི་སེམས་གཏིང་གི་འདུན་པ་མཚོན།

    ལག་གདང་དཔུང་སྦྲེལ་ལས་སྟོབས་ཤུགས་མངོན་པ།

    ས་ཡོམ་གྱིས་སྡོད་ཁང་ལ་སེར་ཀ་བརྒྱུགས་ཀྱང་གཅིག་སེམས་གཅིག་ཏུ་སྦྲེལ་བའི་བརྩེ་བར་གཏོར་སྐྱོན་ཐེབས་མི་སྲིད། ཡོམ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཚོས་ལག་གདང་སྦྲེལ་ནས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད།

    བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང)གི་ནད་ཁང་དུ་ལོ་བརྒྱད་ཅུར་སླེབས་པའི་རྨས་མ་བགྲེས་སོང་ཞིག་གིས་དབུགས་ལམ་དང་ནད་ཚབས་ལྕི་བའི་གསོ་རིག་ཚན་ཁག་གི་སྨན་པ་དང་གུང་ཁྲན་ཏང་ཡོན་ཝུའུ་སུང་ཙེའི་ལག་ནས་དམ་པོར་བཟུང་སྟེ“སྨན་པ་དང་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད། ཝུའུ་སུང་ཙེས་སྨན་བཅོས་ཁང་དུ་ཡུན་རིང་ལས་ལ་གཞོལ་ནས་རང་ཉིད་ལ་ནད་བརྟག་སྨན་བཅོས་ཀྱི་འགན་ཚང་མ་འཁུར་བ་བགྲེས་སོང་ཁོང་གིས་ཤེས་ཀྱི་ཡོད།

    ད་དུང་བཙའ་གསོའི་ངལ་གསོ་རྒྱག་བཞིན་པའི་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་ཆོས་མཚོས་ཕྲུ་གུ་དམར་འབྱར་བཞག་སྟེ་མཚན་མོ་དེ་རང་ལ་གྲོང་ཚོར་ལོག་ནས། ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཏེ་སྡོད་ཁང་ལ་ཞིབ་བཤེར་དང་མང་ཚོགས་ཀྱི་དགོས་མཁོ་ཐོ་འགོད་ཀྱི་ལས་ལ་གཞོལ།

    དམར་རུ་ཤང་སློབ་ཆུང་གི་སློབ་སྤྱི་བསྟན་པ་རྒྱལ་མཚན་གྱིས་ས་ཡོམ་རྒྱག་སྐབས་སྐས་ཁར་ལངས་ནས་སློབ་མ་ཁ་འགྲེམས་བྱེད་རོགས་བྱས་པས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚང་མ་སྐྱོན་ཆག་མེད་པར་ལུས་རྩལ་ཐང་དུ་འབྱོར་བ་རེད།

    གངས་ཆེན་ཤང་སློབ་ཆུང་གི་རྒན་ཕུར་བུ་གཡང་འཛོམས་ནི་གྲ་སྒྲིག་ཏང་ཡོན་ཞིག་ཡིན་ཞིང་། ས་ཡོམ་བརྒྱབ་རྗེས་ཀྱི་མཚན་མོར་ཁོང་གིས་སྐོར་ཞིབ་བྱེད་སྐབས། འབྲོག་པ་ཞིག་གིས་ཁོང་ཚོའི་ལག་ནས་དམ་པོར་བཟུང་བ་དང་མིག་ཟུང་ལ་ཡིད་ཆེས་ཀྱིས་ཁེངས་པ་མཐོང་ཞིང་། སྐབས་དེར་ཏང་ཡོན་ནི་མུན་ནག་གི་མཚན་མོར་མང་ཚོགས་ཚོ་བློ་བདེ་པོ་ཡོང་བར་བྱེད་མཁན་ཞིག་ཡིན་པ་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།