དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཕྱི་རྒྱལ་དང་ཤང་ཀང་གི་དྲ་ཐོག་Vཆེན་བོད་དུ་བསྐྱོད་ནས།

    མི་རིགས་མཉམ་འདྲེས་ཀྱི་ལོ་རྒྱུས་འཚོལ་ཞིབ་དང་ས་མཐོའི་དུས་རབས་ཀྱི་རྣམ་པ་གསར་པའི་དཔང་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-29

    ཟླ་10ཚེས་20ནས་ཚེས་27ཉིན་བར། “དག་ཞིང་བོད་ལྗོངས་འཚོལ། ཀྲུང་གོའི་ལེའུ་གསར་མཐོང”ཞེས་པའི་2026ལོར་རྒྱལ་སྤྱིའི་དྲ་རྒྱའི་བརྡར་པས་བོད་དུ་བཅར་འདྲི་བྱེད་པའི་བྱ་སྤྱོད་ལྷ་སར་སྤེལ་འགོ་ཚུགས་ཤིང་། ཨེ་ཅིབ་དང་། ཏེན་མག ཁ་ན་ཏ། མོ་ཞི་ཁོ། ཡུག་རེན། སི་ཕེན། དབྱིན་ཇི་བཅས་དང་དེ་བཞིན་ཀྲུང་གོའི་ཤང་ཀང་གི་དྲ་རྒྱའི་བརྡར་པ་དང་བཅར་འདྲི་རྩོམ་སྒྲིག་མི་སྣ་སོགས་མི་17ལས་གྲུབ་པའི་བཅར་འདྲི་ཚོགས་པ་གངས་ལྗོངས་ས་མཐོར་འདྲི་རྟོག་བྱེད་པར་བསྐྱོད་ཡོད།

    ད་ཐེངས་ཀྱི་བཅར་འདྲིའི་བྱེད་སྒོ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། ཤང་ཀང་ཏ་ཀུང་ཝུན་ཧུའེ་སྨྱན་སྦྱོར་ཚོགས་པས་གཞོགས་འདེགས་བྱས་པ་ཞིག་ཡིན་ཞིང་། དེར་རྒྱལ་སྤྱིའི་དྲ་རྒྱའི་བརྡར་པ་བོད་དུ་གདན་དྲངས་ཏེ་མི་ཆོས་རིག་གནས་དང་ལོ་རྒྱུས་དང་། གྲོང་གསེབ་ཐོན་ལས། ས་མཐོའི་སྐྱེ་ཁམས། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། དུས་ཡུན་ཉིན་7གྱི་ས་ཡུལ་དངོས་སུ་འདྲི་རྟོག་དང་མཉམ་འགུལ་ཉམས་ལེན་བྱེད་པར་བསྐྱོད་ཡོད།

    བཅར་འདྲི་ཚོགས་པ་སྔ་རྗེས་སུ་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་སུ་བསྐྱོད་དེ་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། ཐང་བོད་མནའ་འབྲེལ་རྡོ་རིང་། བར་སྐོར། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། བོད་ལྗོངས་ནང་བསྟན་སློབ་གླིང་། ས་སྐྱ་དགོན་སོགས་སུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75ཡི་རིང་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་། དམངས་འཚོ་ལེགས་གཏོང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་གྲུབ་འབྲས་དངོས་སུ་ཚོར་བར་བྱས་ཡོད།

    “གནའ་ཤུལ་དང་གནའ་བོའི་སྐྲུན་དངོས་རྩ་ཆེན་དེ་དག་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་བོད་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གཞན་དག་དབར་འབྲེལ་བ་ཟབ་མོ་ལྡན་པ་དང་། མི་རིགས་ཁག་དབར་མཛའ་མཐུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་གསོན་ཉམས་དོད་པའི་མཚོན་རྟགས་འདུས་ཡོད་པས། ང་ཚོས་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་འབྱུང་ཁུངས་ཟབ་མོ་ཚོར་བྱུང”ཞེས་རྒྱལ་སྤྱིའི་དྲ་རྒྱའི་བརྡར་པ་དང་སྨྱན་སྦྱོར་བ་བསླབ་པ་རྒན་གྲས་ཁའེ་ལེ་ཡིས་བརྗོད་པ་དང་། ཁོང་གིས“ད་རེས་ས་ཆ་མང་པོར་ཕྱིན་པའི་ཁྲོད་བོད་ལྗོངས་ནང་བསྟན་སློབ་གླིང་ལ་བག་ཆགས་ཟབ་ཤོས་བྱུང་། ང་ཚོས་ས་གནས་དེ་གའི་དགེ་འདུན་པ་དང་དམིགས་བསལ་གྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱས་པ་མ་ཟད། སྤེལ་རེས་ཀྱང་ཟབ་མོ་བྱས་པས་ང་ཚོས་བོད་ཀྱི་དགེ་འདུན་པའི་རྒྱུན་གཏན་འཚོ་བར་ཤེས་རྟོགས་ཐུབ་བྱུང་ལ། ས་གནས་དེར་ཆོས་དད་རང་མོས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་བའང་མིག་མཐོང་ལག་ཟིན་བྱུང”ཞེས་བརྗོད།

    ཏེན་མག་ནས་ཡིན་པའི་པོད་བདག་Emilཐེན་ཧྲེན་གྱིས“དཔེ་ཡག་པོ་འདུག དོན་སྙིང་ཆེན་པོ་འདུག ད་ཐེངས་ནི་ཐུན་མོང་མ་ཡིན་པའི་མྱོང་བ་ཞིག་རེད”ཅེས་བསྔགས་བརྗོད་བྱས།

    བཅར་འདྲི་ཚོགས་པས་བརྙན་ལམ་དང་པར་ཡང་ཡང་བརྒྱབ་ནས་རང་ཉིད་ཀྱི་འབྲེལ་ལམ་ལས་སྟེགས་སུ་བསྐུར་ཏེ་གངས་ལྗོངས་ས་མཐོའི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཟིན་ཐོར་བཀོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་ཏ་ཀུང་པའོ་ཚགས་པར་དང་ཤང་ཀང་ཝུན་ཧུད་པའོ་ཚགས་པར་གྱིས་བརྒྱུད་རིམ་ཧྲིལ་པོར་འཕྲིན་སྤེལ་གཏིང་ཟབ་བྱས་པ་དང་ཆབས་ཅིག་ཏ་ཀུང་ཝུན་ཧུའེ་དྲ་བ་དང་། ཏེན་གསར་འགྱུར་དྲ་བ། ཤང་ཀང་ཝུན་ཧུའེ་དྲ་བ་སོགས་དྲ་ཚིགས་དང་དེ་བཞིན་Instagramསོགས་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ལམ་སྨྱན་སྦྱོར་ལས་སྟེགས་སུ་དུས་གཅིག་ཏུ་ཡིག་རིས་སམ་ཡང་ན་བརྙན་ཐུང་འགྲེམས་སྤེལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།