དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་ཡོམ་ཆེན་པོ་རིམ་པ་7.0བརྒྱབ་ཀྱང་མི་སྣ་ཤི་རྨས“བསམ་ཚོད་ལྟར་ཚབས་ཆེན་བྱུང་མེད་པའི”རྒྱུ་མཚན་གང་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-29

    ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ལ། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་ཅིང་། མིག་སྔའི་བར་ཁྱོན་མི་16རྐྱེན་ལམ་དུ་ཤོར་བ་དང་མི་76ལ་རྨས་སྐྱོན་ཕོག་ཡོད་པ་རེད།

    འདི་ནི་ད་ལོ་ཚུན་རང་རྒྱལ་དུ་བརྒྱབ་པའི་ས་ཡོམ་ཆེ་ཤོས་ཡིན་པ་དང་སྤྱི་ལེ་ལྔའི་ཁྱབ་ཁོངས་ཀྱི་ཡོམ་ལྡིག་གི་ཆ་སྙོམས་ས་བབ་སྨི་4864ཙམ་ཟིན་གྱི་ཡོད་པ་རེད། “ས་ཡོམ་རིམ་པ་མཐོ་བ་དང་། ས་ཡོམ་ཀྱི་གཏིང་ཚད་རིང་པོ་མེད་པ། ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པ”བཅས་རྒྱུ་རྐྱེན་མང་པོ་མཉམ་དུ་འདུས་པའི་ས་ཡོམ་ཆེན་པོ་འདིའི་ཁྲོད་མི་སྣ་ཤི་རྨས“བསམ་ཚོད་ལྟར་ཚབས་ཆེན་བྱུང་མེད་པའི”རྒྱུ་མཚན་གང་ཡིན། འབྲེལ་ཡོད་མི་སྣ་དང་རིགས་གཅིག་མཁས་ཅན་གྱིས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ཡང་ཕྱི་རོལ་ཡུལ་གྱིས་མཐུན་རྐྱེན་སྦྱར་བ་ཞིག་ཡིན་ལ། རང་ངོས་ཀྱི་འབད་བརྩོན་དང་ཡང་ཁ་འབྲལ་ཐབས་མེད་ཅེས་བརྗོད།

    “དང་ཐོག་ཡོམ་ལྡིག་གི་ལྟེ་བའི་ས་ཁོངས་སུ་ས་རྒྱ་ཆེ་ལ་མི་འབོར་ཉུང་བས། མི་སྣ་ཤི་རྨས་ཚབས་ཆེན་ཡོང་བའི་ཉེན་ཁ་ཆུང་དུ་ཤུགས་ཆེན་ཕྱིན་ཡོད”ཅེས་ས་གཤིས་ཞིབ་འཇུག་པ་བོད་ལྗོངས་སློབ་ཆེན་བཟོ་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་དབྱང་ཁྲེང་ཡེས་བཤད།

    ས་ཡོམ་རྒྱག་སྐབས་མཚེར་ས་སྤོ་བའི་སྒང་ཡིན་པས་མང་ཚོགས་ཁག་གཅིག་ཁང་པའི་ནང་བསྡད་མེད། “ཟླ་10པའི་ཟླ་སྟོད་དུ་འབྲོག་དུད་མང་ཆེ་བ་རྒྱུན་སྲོལ་ལྟར་སྔ་རྗེས་སུ་ལྷོ་རྒྱུད་ཀྱི་མཚེར་ས་ནས་བྱང་རྒྱུད་ཀྱི་མཚེར་སར་སྤོ་གི་ཡོད་པ་དང་། དེ་གངས་ཆེན་ཤང་གི་མང་ཚོགས་2000ལྷག་ཙམ་དང་འབྲེལ་བ་ཡོད། ཁོང་ཚོ་མང་ཆེ་བ་སྦྲ་གུར་རམ་ཡང་ན་གནས་སྐབས་ཀྱི་སྟབས་བདེའི་ཁང་པར་སྡོད་ཀྱི་ཡོད་པས། ཁང་པ་བརྡིབས་ནས་གནོན་པའི་ཉེན་ཁ་དེ་ཙམ་མེད། འདིས་རྐྱེན་པས་འབྱུང་རྩ་ནས་མི་མང་པོ་ཤི་རྨས་ཡོང་སྲིད་པའི་ཉེན་ཁ་ཆུང་དུ་ཕྱིན་ཡོད”ཅེས་གངས་ཆེན་ཤང་གི་ཤང་ཀྲང་གཞོན་པ་པ་སངས་ཀྱིས་དབྱེ་ཞིབ་འདི་ལྟར་བྱས།

    “ས་ཡོམ་མ་བརྒྱབ་གོང་། དེ་གའི་ཁང་པ་མང་ཆེ་བར་ཡོམ་འགོག་བརྟན་གཏོང་བྱས་པ་དེས་ཀྱང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ས་ཡོམ་གྱི་གནོད་འཚེའི་ཤུགས་རྐྱེན་ཆུང་དུ་ཕྱིན་ཡོད”ཅེས་སྦྲ་ཆེན་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་བྱང་ཆུབ་ཀྱིས་ངོ་སྤྲོད་བྱས།

    དམར་རུ་ཤང་གི་ཤང་ཀྲང་གཞོན་པ་དབྱང་ཙེང་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འབྲོག་ཁུལ་དུ་ཐོག་བརྩེགས་ཅན་གྱི་ཁང་པ་ཧ་ལམ་མེད་པས། ཁང་པའི་ནང་ནས་ཕྱི་རོལ་ཏུ་འགྲོ་བར་དུས་ཡུན་ཧ་ཅང་ཐུང་ངུ་ལས་དགོས་ཀྱི་མེད། དེས་མ་ཚད་ས་ཡོམ་རྒྱག་སྐབས་དགོང་མོའི་ཆུ་ཚོད་བཅུ་པ་ལྷག་ཙམ་ཡིན་པས། སྐབས་དེ་དུས་མང་ཚོགས་མང་ཆེ་བ་ཉལ་མེད་པས་དོགས་ཟོན་བྱེད་བདེ་པོ་ཡོད། ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དེ་དག་གིས་མང་ཚོགས་སྲོག་ཉེན་ལས་ཐར་བར་མཐུན་རྐྱེན་དང་དུས་ཚོད་བྱུང་ཡོད།

    ལོ་མང་རིང་། ས་གནས་དེ་གས་སློབ་གྲྭ་སོགས་ལ་ས་ཡོམ་གྱི་ཉེན་ཁ་ལས་གཡོལ་སྟངས་དང་ཁ་འགྲེམས་སྟངས་ནང་སྦྱོང་ཡང་ཡང་བྱེད་ཀྱི་ཡོད་པས། གཞི་རིམ་གྱི་ལས་བྱེད་པ་ནས་འབྲོག་པ་དཀྱུས་མའི་བར། ས་ཡོམ་གྱི་ཉེན་ཁ་ལས་གཡོལ་བའི་འབྲེལ་ཡོད་ཤེས་བྱར་རྒྱུས་མངའ་ཆེ་ཙམ་ཡོད་པས་ཞོར་ཐོན་གནོད་འཚེ་ཐོན་ཚད་སྔར་བས་ཉུང་དུ་ཕྱིན་ཡོད།

    ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཐོག་ཏུ་རང་སྐྱོབ་བྱས་པ་དང་། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་འབྱོར་བ། རྨས་མ་ཚང་མར་དུས་ཐུང་ནང་སྐྱོབ་བཅོས་ནུས་ལྡན་ཐུབ་པ། རྨས་སྐྱོན་ཚབས་ཆེན་ཕོག་པའི་ནད་པ་ཉིན་མཚན་བལྟོས་མེད་ངང་ལྷ་སར་སྐྱོབ་བཅོས་བྱེད་པར་བསྐྱལ་བས་ཉེན་ཁ་ནས་ཐར་བ་སོགས་དུས་ཐོག་དང་ནུས་ལྡན་གྱི་རོགས་སྐྱོབ་བྱེད་ཐབས་འདི་དག་ལས་རྨས་སྐྱོན་ཕོག་ཚད་ཆེ་རུ་ཕྱིན་མེད་པ་རེད། ད་དུང་ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་ཁ་ཤས་ནང་། རོགས་སྐྱོབ་མི་སྣ་5000ལྷག་ཙམ་ཡོམ་ཁུལ་དུ་འཛོམས་ནས་དུས་ཐོག་ཏུ་རོགས་སྐྱོབ་ལས་དོན་སྤེལ་ཡོད།

    མདོར་ན་ཡོམ་ལྡིག་ཏུ་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། འབྲོག་པ་ཚོ་སྔོན་ཚུད་ནས་མཚེར་ས་སྤོས་པ། ཁང་པ་དམའ་བ་མ་ཟད་བརྟན་དུ་བཏང་ཡོད་པ། ས་ཡོམ་རྒྱག་སྐབས་མང་ཚོགས་ཉལ་རྒྱུ་ཡིན་པ་སོགས་ཀྱི་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་དང་། དེ་བཞིན་མགྱོགས་མྱུར་རོགས་སྐྱོབ་དང་། དུས་ཐོག་ཏུ་སྐྱོབ་བཅོས། རྒྱུན་རྣམ་ཅན་གྱི་སྒོ་ནས་འཕྲལ་སྡོམ་ནང་སྦྱོང་བྱེད་པ་སོགས་རང་འགུལ་བྱ་ཐབས་སྤེལ་བ་ལས་ད་ཐེངས་སྦྲ་ཆེན་དུ་ས་ཡོམ་རིམ་པ་7.0བརྒྱབ་ཀྱང་མི་སྣ་ཤི་རྨས་དེ་ཙམ་བྱུང་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།