རང་ལྗོངས་ཀྱིས་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་བྱས་ཏེ་ཞིང་འབྲོག་པའི་བདེ་སྐྱིད་འཚོ་བར་རམ་འདེགས་བྱས་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཕྱིར་གཏོང་སྒྲིག་འཛུགས་དང་། རྣམ་གྲངས་ནང་འདྲེན། ཐོན་ལས་སྐུལ་ཁྲིད། ས་ཁོངས་ལས་བརྒལ་བའི་ལས་ཞུགས། ལས་རིགས་རྩལ་ནུས་ཀྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེར་གཏོང་། སྤྱི་པའི་ལས་ཞུགས་ཞབས་ཞུ་ལེགས་གཏོང་། ལས་ཞུགས་ལས་གནས་མང་དུ་གཏོང་བ། ལས་ཞུགས་ཀྱི་སྤུས་ཚད་མཐོར་གཏོང་བཅས་བྱས་པ་བརྒྱུད། ཞིང་འབྲོག་པའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཐབས་ལམ་སྔར་བས་ཡངས་པ་དང་། ངལ་རྩོལ་འབྲེལ་བ་སྔར་བས་འཆམ་མཐུན་བརྟན་ལྷིང་། སྤྱི་ཚོགས་འགན་སྲུང་མ་ལག་སྔར་བས་འཐུས་སྒོ་ཚང་བ་བཅས་ལ་སྐུལ་འདེད་བཏང་སྟེ། ལས་ཞུགས་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།
གོང་འོག་འབྲེལ་མཐུད་ཀྱིས་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཞིང་འབྲོག་པའི་ངལ་ནུས་ལས་ཞུགས་དང་འབབ་འཕར་ལམ་ལུགས་ཀྱི་རྨང་གཞི་བརྟན་དུ་བཏང་ཞིང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་ལས་ཞུགས་ལས་གཏོད་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་ཕྱོགས་ཡོངས་ནས་བཙུགས་པ་དང་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་ནས་ཞིང་འབྲོག་པའི་ངལ་ནུས་ལས་ཞུགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་མཐུན་སྦྱོར་དང་སྐུལ་འདེད་བཏང་བ་དང་།ལས་ཞུགས་ལས་གཏོད་དང་། ངལ་ནུས་ཕྱིར་གཏོང་། རྩལ་ནུས་གསོ་སྦྱོང་། ལས་ཞུགས་རྟེན་གཞི་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། སྡེབ་སྒྲིག་རྣམ་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་མ་ལག་ཆ་ཚང་བའི་ལས་ཞུགས་སྲིད་ཇུས་ཀྱི་སྒྲོམ་གཞི་བསྐྲུན་པ། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་ཞིང་འབྲོག་པའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་དང་འབབ་འཕར་དེ“ལས་གྲྭ་ཨང་དང་པོར”བརྩིས་ཏེ། དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ནས་ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་སྤྱི་འདོམས་བྱེད་པ། སྡེ་ཚན་མང་པོས་མཉམ་ཤུགས་འདོན་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལོ་གསུམ་བསྟུད་མར་ཞིང་འབྲོག་པའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ལ་དམིགས་ནས་ཆེད་དོན་བརྟག་ཞིབ་དང་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཚུལ་ལ་རྗེས་སྙེག་ཞིབ་བཤེར་བྱས་ཏེ། ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་གྱི་བྱེད་ཐབས་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད།
སྣ་མང་ལས་ཞུགས་གཞི་རྟེན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་དང་ས་ཁོངས་བརྒལ་བའི་ལས་ཞུགས་ཕྱོགས་གཉིས་ནས་འཕེལ་རྒྱས་ཡོང་བར་བྱས་ཤིང་། ཞིང་འབྲོག་པའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞན་སྒྱུར་རྟེན་གཞི་སྐྲུན་ཤུགས་ཆེ་རུ་བཏང་ནས་རྟེན་གཞི་དེ་ཐག་ཉེ་སར་ལས་ཞུགས་བྱེད་པའི“ཆུ་གསོག་རྫིང་བུ”ལྟ་བུར་འགྱུར་བར་བྱས་པ་དང་། ངལ་ནུས་ཁྲོམ་རའི་བྱེད་པོ་ཟམ་མི་ཆད་པར་སྟོབས་ཆེར་བཏང་སྟེ། ངལ་ནུས་ཞབས་ཞུའི་རྩ་འཛུགས་དང་། ལས་མི་མཉམ་འབྲེལ་རུ་ཁག ངལ་ནུས་མཉམ་ལས་ཁང་བཅས་སྐྱེད་སྲིང་བྱས་ནས་ཕྱོགས་མང་མཉམ་འགུལ་གྱི་ངལ་ནུས་ཕྱིར་གཏོང་ལས་ཀའི་ལམ་སྲོལ་བཙུགས་པ། ཞིང་ཆེན་དབར་གྱི་ངལ་ནུས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། “ཚོགས་སྒྲིག་རྣམ་པའི”ཕྱིར་གླ་པར་སྐྱོད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་བ། སྐྱེ་ཁམས་ལས་གནས་དང་། མཐའ་སྲུང་བ། ལས་རིགས་མཐའ་མཚམས་མི་དམངས་སོགས་སྲིད་ཇུས་རང་བཞིན་གྱི་ལས་གནས་མཁོ་འདོན་གང་ལེགས་བྱས་ཏེ་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།