དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བོད་མིའི་འབྱུང་གནས”ཀྱི་སྤུས་རྟགས་བཏོད་དེ་འཕེལ་རྒྱས་ཡག་པོ་གཏོང་བ།

    —— ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ད་ལྟའི་གནས་སྟངས་དང་བསམ་གཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-29

    འདི་ནི་ལྷོ་བྲག་རྫོང་གི་སྐུ་ལྷ་གངས་རིའི་མཛེས་ལྗོངས་ཁུལ་ཡིན་པ།

    བོད་ཀྱི་ཡུལ་སྐོར་སྐོར་གླེང་སྐབས“ཡར་འབྲོག་གཡུ་མཚོ”ནི་ལྷོ་ཁའི་བཀྲག་མདངས་འཚེར་ཤོས་ཀྱི་མིང་བྱང་ཞིག་རེད།

    འདས་མ་ཐག་པའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་ཡར་འབྲོག་གཡུ་མཚོར་འགྲོ་མཁན་ཤིན་ཏུ་མང་ཞིང་། ལྷོ་ཁ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་ཕྱོགས་བསྡུས་བྱས་པར་གཞིགས་ན། དུས་ཆེན་གཉིས་རིང་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་75490ལ་སྣེ་ལེན་ཞུས་པར་འཛད་སྤྱོད་སྒོར་ཁྲི་142.41ཟིན་ཡོད། ལྷོ་ཁར་ཡུལ་སྐོར་བར་བག་ཆགས་ཟབ་ཤོས་ནི་སྔར་བཞིན“ཡར་འབྲོག་གཡུ་མཚོ”རེད།

    ལྷོ་ཁའི་མཚོན་རྟགས་ཡར་འབྲོག་གཡུ་མཚོ་ཙམ་མ་ཡིན་ཏེ། ལྷོ་ཁ་ནི་ཐུ་བྷོད་རྒྱལ་རབས་ཀྱི་ཕ་ས་དང་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ཡིན་པ་དང་རིག་གནས་དང་། ལོ་རྒྱུས། རི་ཆུ་བཅས་ཡོད་པས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་སྐོར་གླེང་ན་ལྷོ་ཁར་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་རིག་གནས་དང་ཡུལ་སྐོར་གྱི་མངོན་ཚུལ་ཅུང་ཞན་ཙམ་ཡོད།

    ཇི་ལྟར་བྱས་ནས“བོད་མིའི་འབྱུང་གནས”ཀྱི་སྤུས་རྟགས་ཡག་པོ་བཏོད་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་བྱེད་པ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཡག་པོ་འབུལ་དགོས་པའི་རྒྱུགས་ལན་ཞིག་རེད།

    ངོ་མཚར་རྨད་དུ་བྱུང་བའི་ཡུལ་སྐོར་རིག་གནས་ཐོན་ཁུངས།

    “ལྷ་སའི་གོང་དཀར་གནམ་ཐང”ལྷོ་ཁར་གནས་པས་གལ་སྲིད་གནམ་གྲུར་བསྡད་ནས་བོད་དུ་བསྐྱོད་ཚེ་ཐོག་མར་ལྷོ་ཁར་སླེབས་ཀྱི་ཡོད།

    ཡར་ཀླུང་ཡུལ་གྱི་ལྟེ་བའི་ཁུལ་དུ་གནས་པའི་འཕྱོངས་རྒྱས་རྫོང་དུ་བསྐྱོད་ན་དེ་གར་འགྱིང་ངེར་གནས་པའི་བཙན་པོའི་བང་སོའི་ཚོགས་ཀྱིས་ཐུ་བྷོད་རྒྱལ་རབས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་མཚོན་པ་དང་། བཙན་པོ་དང་པོ་དང་། ཕོ་བྲང་དང་པོ། ལྷ་ཁང་དང་པོ། ཞིང་ཁ་དང་པོ། དགོན་སྡེ་དང་པོ། ལྷ་མོ་དང་པོ་སོགས་བོད་ཀྱི་ལོ་རྒྱུས་ཐོག་གི་ཨང་དང་པོ་མང་པོ་ཞིག་གིས“བོད་མིའི་འབྱུང་གནས”ཞེས་པར་གསལ་འགྲེལ་ཟབ་མོ་བྱས་ཡོད།

    ལྷོ་ནུབ་ཏུ་གནས་པའི་མཚོ་སྨད་རྫོང་གི་གངས་རི་འཇའ་ལྷ་མཐོ་སྒང་གི་པང་དུ་གཡུ་ཡི་མཎྜལ་ཕྱིས་འདྲའི་གུ་རུ་བླ་མཚོ་སྔོ་ཐིང་ངེར་འཁྱིལ་ཞིང་། གྲི་གུ་རྩྭ་ཐང་དུ་མཐོ་གྲང་འདམ་རའི་སྐྱེ་ཁམས་མ་ལག་ཆ་ཚང་བ་དང་དེ་གར་འཚོ་སྡོད་བྱེད་མཁན་ཁྲུང་ཁྲུང་སྐེ་ནག་དང་རྐྱང་སོགས་སྲོག་ཆགས་མང་པོ་ཡོད།

    ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་ནས་ཐོན་ཏེ་བན་པ་ཤང་བརྒྱུད་མཐོ་ཚད་སྨི་5400ལྷག་ཙམ་ཡོད་པའི་སྐྱིད་མོ་ཀུན་ལེགས་ལ་མོ་བརྒྱབ་པའི་ལམ་བར་དུ་གནའ་བོའི་མཁར་རྫོང་མང་པོ་འགྱིང་ངེར་ཆགས་ནས་ལོ་ངོ་སྟོང་ཕྲག་རིང་ས་གནས་དེ་གའི་མི་རིགས་ཁག་གི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཀྱི་དཔང་པོ་བྱེད་བཞིན་མཆིས།

    མཚོ་སྣ་གྲོང་ཁྱེར་དུ་ས་བབ་སྨི་4000ཙམ་ཡོད་ནའང་ལེགས་པོ་རོང་དུ་སྨི་2000ལྷག་ཙམ་ལས་མེད་པས། ཚ་ཁུལ་གྱི་ནགས་ཚལ་སྟུག་པ་དང་རྦབ་ཆུ་དྲག་ཏུ་འབབ་ཅིང་། ཚངས་དབྱངས་རྒྱ་མཚོའི་བཞུགས་གནས་ད་ལྟའང་འདི་གར་མཐོང་རྒྱུ་ཡོད། མཐའ་མཚམས་རི་བོ་མཐོན་པོ་སྨུག་པས་བསྒྲིབས་ནས་ལོ་60ལྷག་ཙམ་གོང་གི་ལོ་ཟླར་དྲན་གསོ་བྱེད་པ་ལྟར་སྣང་། མག་མག་ཤང་དུ་ད་ལྟའང་དམག་དཔོན་ཀྲང་གོ་ཧྭ་ཡི་འཐབ་ས་དང་པོའི་བཀོད་འདོམས་པུའི་གནས་རྙིང་གནས་ཡོད། 

    གདོད་མའི་ནགས་ཚལ་དང་། མཐའ་མཚམས་ཀྱི་ཡུལ་སྲོལ་གོམས་གཤིས། བོད་མིའི་འབྱུང་གནས་ཀྱི་རིག་གནས། གསར་བརྗེའི་དྲན་ཤེས་བཅས་ལྷོ་ཁར་ས་མཐོའི་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོ་ཚང་མ་འཛོམས་ཡོད།

    གནད་འགག་དཀྲོལ་བའི་འགག་རྩ་འཚོལ་ཞིབ།

    ཐོན་ཁུངས་རྩེ་གྲ་མང་པོ་ཡོད་ཀྱང་ལྷོ་ཁའི་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཁས་ལེན་ཐོབ་ཚད་ལྷ་ས་དང་། ཉིང་ཁྲི གཞིས་རྩེ་བཅས་ལས་དམའ་བ་ཡོད། ཐོན་རྫས་ཀྱི་མ་ལག་འཐུས་སྒོ་ཚང་པོ་མེད་པ་དང་ཤེས་ཚོར་ཐུབ་པ་དང་། ཁྱབ་སྤེལ་ཐུབ་པ། འཛད་སྤྱོད་ཐུབ་པ་བཅས་ཀྱི་ཡུལ་སྐོར་ཐོན་རྫས་དཀོན་པ་ནི་གནད་འགག་གཙོ་བོ་རེད།

    གཞན་དབང་གི་རྣམ་པར་འགྱུར་ལྡོག་གཏོང་དགོས་ན་ལྷོ་ཁའི་ཡུལ་སྐོར་གྱིས་ངེས་པར་དུ་གནས་བབ་སྔར་བས་ཁ་གསལ་ཡོང་བ་བྱས་ཏེ་བོད་ཀྱི་ཡུལ་སྐོར་ཆེན་པོའི་ནང་ཞུགས་པ་དང་ལྷ་ས་ནས་ཡོང་བའི་འགྲུལ་རྒྱུན་དང་འབྲེལ་མཐུད་ཐུབ་པ་བྱེད་དགོས། ཇི་ལྟར་བྱས་ནས་ཕྲེང་བརྒྱུད་ཡུག་སྦྲེལ་གྱིས་ཡུལ་སྐོར་ཟབ་སྐྱོད་དང་བརྗོད་དོན་གཙོ་བོའི་ཡུལ་སྐོར་ཐོན་རྫས་དེ་བས་མང་བ་གསར་སྤེལ་བྱ་རྒྱུ་ནི་གནད་འགག་དཀྲོལ་བའི་འགག་རྩ་ཡིན།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁའི་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་ཡག་པོ་བྱུང་བ་དང་། ད་ལོ་ནི་གྲུབ་འབྲས་ལྡན་པའི་ལོ་ཞིག་དེ་བས་རེད། ད་ལོའི“སེ་འབྲུ་བུམ་པའི”རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་སྐབས་གསུམ་པ་ས་གནས་ཀྱི་འགྲན་བསྡུར་ནས་རྒྱལ་ཁབ་རིམ་པའི་འགྲན་བསྡུར་རྩེ་གྲར་གྱུར་བ་དང་། སྐབས་བཅུ་གཅིག་པའི་ཡར་འབྲོག་གཡུ་མཚོ་སྐོར་བའི་རྐང་འཁོར་འགྲན་བསྡུར་དེ་ཡང་རྒྱལ་ཁབ་རིམ་པའི་འགྲན་བསྡུར་ལ་རིམ་སྤོར་བྱས་ཡོད།

    གཞན་ཡང་། ཀྲུང་གོའི“ངོ་མཚར”འགྲན་སློང་འགྲན་བསྡུར་གྲ་ནང་རྫོང་དུ་སྐབས་གཉིས་གཉེར་བ་དང་། ལྷོ་བྲག་རྫོང་སྐུ་ལྷ་གངས་རིའི་རྐང་ཐང་འདུ་ཚོགས་ཀྱི་འགྲན་ཞུགས་པས་ས་བབ་སྨི་4500ནས་4700བར་གྱི་མཚོ་སྐོར་འགྲན་སློང་ལེགས་སྒྲུབ་བྱས་པ། གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་གྱི“ཚོན་མདོག་རྣམ་པར་བཀྲ་བའི་པང་གདན་འཐག་རྩལ་འགྲན་བསྡུར”ལ་འཐག་མཁན་རྒན་གྲས་དང་གཞོན་ནུ་མཉམ་དུ་འགྲན་བསྡུར་བྱས་པ་རེད།

    “འགྲན་བསྡུར་གཅིག་ལ་ཞུགས་པ་དང་། ཡུལ་གཅིག་ལ་ཡུལ་སྐོར་བྱེད་པ། ཚེ་གང་མི་བརྗེད་པ”བཅས་ཀྱི་རིག་གནས་ཡུལ་སྐོར་གྱི་ཕན་འབྲས་རགས་ཙམ་ཐོན་ཞིང་། 2025ལོར་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1071.62ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་44.8ཟིན་པ་དེ་དུས་མཚུངས་ལས་41.1%དང་55.2%སོ་སོར་འཕར་ཡོད།

    ཡུལ་སྐོར་ཐོན་ཁུངས་སྣ་ཚོགས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་བརྗོད་དོན་གཙོ་བོ་བསྡུ་སྒྲིལ་གྱིས་ལྷོ་ཁའི་རིག་གནས་ཀྱི་ཕྱོགས་ཡོངས་དང་མཐའ་མཚམས་མྱོང་རོལ་ཐད་ཀྱི་ཚབ་བྱེད་ཐབས་བྲལ་བའི་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱས་ཚེ། དམིགས་བསལ་གྱི་སྤུས་རྟགས་མ་ལག་ཅིག་ཆགས་ནས་ལྷོ་ཁའི་ཡུལ་སྐོར་གྱི་ཁྲོམ་རའི་ཡིད་དབང་འཕྲོག་ཤུགས་ཆེ་རུ་འགྲོ་ངེས་རེད།

    ཐོན་ཁུངས་འཚོལ་སྙེག་གི་འབྱུང་འགྱུར་ལམ་བུ།

    “བོད་མིའི་འབྱུང་གནས་ཀྱི་རིག་གནས”སྔོན་ལ་གསོན་ཤུགས་རྒྱས་པར་བྱས་ཚེ་གཞི་ནས་སྐད་གྲགས་ཆོད་ཐུབ། ཡུལ་སྐོར་བྱ་ཡུལ་དུ་ལྟ་སྐོར་བྱེད་པ་ཙམ་ནས་དབྱིངས་བཞུགས་རྣམ་པའི་ཡུལ་སྐོར་མྱོང་རོལ་གཏིང་ཟབ་བྱེད་པའི་བར། རིག་གནས་ལོ་རྒྱུས་བརྗོད་པ་དེ་དངོས་སུ་ཞུགས་ཆོག་པའི་ཐོན་རྫས་སུ་འགྱུར་བར་བྱེད་དགོས། ཡུལ་སྐོར་བས་ཡུམ་བུ་བླ་མཁར་དུ་ཐུ་བྷོད་རྒྱལ་པོ་ཚང་གི་འཚོ་བ་ཉམས་སུ་མྱོང་བ་དང་། བཙན་པོའི་བང་སོའི་ཁུལ་དུ“ཐུ་བྷོད་རྒྱལ་རབས་འཚོལ་ཞིབ”ཀྱི་བརྗོད་དོན་གཙོ་བོའི་ཡུལ་སྐོར་བྱེད་པ། ལོ་ངོ་སྟོང་གི་སྟར་སྡོང་ནས་སྟར་ཁ་འཐུ་བ། བཀྲ་ཤིས་ཆོས་རྟེན་དུ་ལྷ་མོའི་འཁྲབ་ཆས་སྤྲས་ནས་ལྷ་མོ་འཁྲབ་པ། ལྕེ་བདེ་ཞོལ་གྲོང་རྡལ་དུ་པང་གདན་འཐག་པའི་ནང་ཞུགས་པ་བཅས་བྱས་ཚེ། “བོད་མིའི་འབྱུང་གནས”དེ་ཤེས་བྱ་ནས་ཉམས་ལེན་དུ་གྱུར་ཏེ་དེང་རབས་ཀྱི་འཚོ་བ་དང་མཉམ་འདྲེས་ཐུབ་པ་མ་ཟད། ཡུལ་སྐོར་བའི་སེམས་ནང་དུའང་ཟུག་ཐུབ།

    གསར་བརྗེའི་རིག་གནས་ཡུལ་སྐོར་དང་མཐའ་མཚམས་ཀྱི་རིག་གནས་ཡུལ་སྐོར་ཡང་གསར་སྦོལ་བྱ་རྒྱུར་ལུས་པའི་ས་རྒོད་ལྟ་བུ་ཞིག་རེད། ལྷོ་ཁའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནི་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་བྱ་ཡུལ་བརྒྱའི་གྲས་ཤིག་ཡིན་པ་དང་། ཁེ་གསུམ་གྲོང་ཚོ་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་དེ་ཡིན་པ། གཉལ་སྨད་སྙིང་སྟོབས་དྲན་གསོ་ཁང་གིས་འབད་འཐབ་ཀྱི་དྲན་ཤེས་སྐྱོང་བཞིན་པ། ཀྲང་གོ་ཧྭ་ཡི་བཀོད་འདོམས་ཁང་གིས་དཔའ་ཉམས་ལ་དཔང་པོ་བྱེད་བཞིན་པ། ཀྲང་ཀུའེ་རུང་གི་དྲན་གསོའི་རྡོ་རིང་གིས་རང་སྲོག་བློས་གཏོང་གི་སྙིང་སྟོབས་མཚོན་པ། ཡུལ་སྨད་ཀྱི་མཐའ་མཚམས་སྐོར་སྐྱོད་ལམ་བུས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པ་ལ་སོགས། བཅར་འདྲི་བྱེད་རིང་ལྷུན་རྩེ་རྫོང་གིས་ཡུལ་སྨད་ཀྱི་མཐའ་མཚམས་སྐོར་སྐྱོད་ལམ་བུ་གསར་སྤེལ་གཏིང་ཟབ་བྱ་རྒྱུ་དེ་འཆར་གཞིའི་ནང་བཅུག་པ་དང་། ཆུ་ཚོད་བདུན་བརྒྱད་ཙམ་འགྲོ་དགོས་པའི་མཐའ་མཚམས་སྐོར་གཡེང་ལམ་དུ་གསར་བརྗེའི་སློབ་གསོ་དང་། རྒྱལ་སྲུང་སློབ་གསོ། ཡུལ་སྐོར་བཅས་མཉམ་འདྲེས་བྱུང་བ་གསར་འགོད་པར་མཐོང་བྱུང་།

    ལྷོ་ཁའི་ཡུལ་སྐོར་དེ་ས་ཁོངས་རྐྱང་པ་མ་ཡིན་པར་ངེས་པར་དུ་ས་ཁོངས་མཉམ་འགུལ་ཡོང་བ་བྱེད་དགོས། ལྷོ་ཁ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཤིང་པི་ཡིས“ལྷོ་ཁར་ཐུ་བྷོད་ཀྱི་ཕ་ས་མྱུལ་བ”ནི་ལྷོ་ཁ་གྲོང་ཁྱེར་གྱིས་མིག་སྔར་ཞིབ་ཚགས་ངང་གཏོད་བཞིན་པའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ཤིག་རེད། དེ་ལས་ལྷོ་ཁ་འདི་ཉིད་ཡུལ་སྐོར་ལམ་ཐིག་ཆེན་པོ་དང་མཉམ་འདྲེས་ཐུབ་པར་འབད་བརྩོན་བྱེད་བཞིན་པ་མཚོན་ཐུབ།

    འབྱུང་འགྱུར“རྒྱལ་ཁབ་ཀྱི་ལམ་ཆེན”G219སྤུས་རྟགས་ལ་བརྟེན་ནས་ལྷ་ས་དང་ཉིང་ཁྲི་དང་མཉམ་དུ“བོད་མིའི་འབྱུང་གནས་སུ་ཡུལ་སྐོར་གཏིང་ཟབ་བྱེད་པའི”ལམ་ཐིག་ཅིག་བཏོད་ཐོག ཡུམ་བུ་བླ་མཁར་དང་། བཙན་པོའི་བང་སོ། བསམ་ཡས་གཙུག་ལག་ཁང་བཅས་དང་ཕོ་བྲང་པོ་ཏ་ལ་དང་ཡར་ཀླུང་གཙང་པོའི་རོང་ཆེན་སྦྲེལ་མཐུད་བྱས་ཏེ་རིག་གནས་དང་རང་བྱུང་ཁམས་ཆ་ཚང་བའི་ཡུལ་སྐོར་ལམ་ཐིག་ཅིག་ཆགས་པར་བྱས་ཚེ། ལྷོ་ཁའི་ཡུལ་སྐོར་གྱི་མདུན་ལམ་དེ་བས་ཆེ་རུ་འགྲོ་རྒྱུ་རེད།

    གཞན་ཡང་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ། ལྷོ་ཁ་འདི་ཉིད་བོད་ཀྱི་ཡུལ་སྐོར་ལམ་ཐིག་ཧྲིལ་པོར་གསོ་རླུང་ཡོད་པའི་གྲོང་ཁྱེར་དང་པོར་གྱུར་ཡོད་པ་རེད། མཛེས་ལྗོངས་ཁུལ་དང་། ཞག་སྡོད་བྱ་ཡུལ། འགྲིམ་འགྲུལ་ལམ་རྒྱུད་བཅས་སུ“གནས་ཐིག་ཟུང་འབྲེལ་དང་ས་ཁོངས་ཧྲིལ་པོར་ཁྱབ་པའི”གསོ་རླུང་མཁོ་འདོན་དྲ་རྒྱ་བཙུགས་ཡོད་པ་མ་ཟད། ད་དུང་ཕུ་མ་གཡུ་མཚོའི་ངོགས་དང་ས་བབ་སྨི་5070ཟིན་པའི་འཐུས་གྲོང་ཚོའི་དམངས་སྲོལ་གནས་ཚང་དུའང་གསོ་རླུང་འཕྲུལ་འཁོར་བསྒར་ཡོད་མོད། འོན་ཀྱང་གསོ་རླུང་མཁོ་འདོན་གྱི་ཆུ་ཚད་སྔར་བཞིན་དོ་སྙོམས་མེད་པ་རེད། གལ་ཏེ་མུ་མཐུད་འཚོལ་ཞིབ་བྱས་ནས་ཆུ་ཚད་མཐོ་རུ་བཏང་སྟེ་ཆེད་ལས་ཀྱི་ས་མཐོར་མི་འཕྲོད་པའི་ཉེན་བརྡ་སྔོན་གཏོང་དང་འཕྲལ་སྡོམ་རོགས་སྐྱོབ་མ་ལག་བཙུགས་ཏེ། ཡུལ་སྐོར་བ“ཡོང་མི་ནུས་པའི”སེམས་ཁྲལ་སེལ་ཆེད་གོམ་གང་སྔོན་ལ་སྤོས་ཚེ། “ས་མཐོའི་གསོ་རླུང་འཛོམས་པའི་ཡུལ་སྐོར”སྤུས་རྟགས་དེ་ལྷོ་ཁའི་ཡུལ་སྐོར་གྱི་ལྟེ་བའི་འགྲན་རྩོད་ནུས་པར་འགྱུར་རྒྱུའི་རེ་བ་ཡོད་པ་རེད།

    གངས་རི་དང་། གཙང་པོ། མཚོ་མོ། རྩྭ་ཐང་། ཞིང་ཁ་བཅས་ཀྱིས་བསྐོར་བའི་བོད་མིའི་འབྱུང་གནས་ཡར་ཀླུང་གཞུང་ནི་ལོ་རྒྱུས་རིག་གནས་ཀྱི་གླེགས་བམ་ཆེན་པོ་ཞིག་ཡིན་ལ། མི་དང་གནམ་སའི་དབར་གླེང་མོལ་བྱས་པའི་ལོ་རྒྱུས་སྙན་ངག་རྔམ་བརྗིད་ལྡན་པ་ཞིག་དེ་བས་ཡིན། ད་ཆ། IPཆེན་པོ་དེས་ཁུ་སིམ་མེར་སྟོབས་ཤུགས་བསགས་ནས་སླར་ཡང་འཛམ་གླིང་ལ་མིག་གི་དགའ་སྟོན་ཆེན་པོ་ཞིག་ཤོམ་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།