ཞི་ཅིན་ཕིང་གིས་ལུའུ་ལཱ་པར་ཙིར་གྱི་ཙུང་ཐུང་ལ་མུ་མཐུད་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའུ་ལཱར་གློག་འཕྲིན་བཏང་ནས་ཁོང་པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མུ་མཐུད་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཙུང་ཐུང་ལུའུ་ལཱ་ཡིས་ཀྲུང་པར་གྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཉེ་བའི་ལོ་ཤས་རིང་། ང་དང་ཙུང་ཐུང་ལུའུ་ལཱ་ཡིས་རྣམ་པ་མི་འདྲ་བའི་ཐོག་ནས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཆོག་པའི་སྐར་མའི་གོ་ལའི་ཀྲུང་པར་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་རྒྱུར་འཕེལ་རྒྱས་གསར་པ་ཡོང་བར་ཐུན་མོང་ཐོག་སྣེ་ཁྲིད་བྱས་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོ་ལ་ཧྲིལ་པོའི་རང་བཞིན་དང་། འཐབ་ཇུས་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་དེ་བས་མངོན་གསལ་དོད་དུ་ཕྱིན་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་མིག་དཔེར་གྱུར་ཡོད། ངས་ཀྲུང་པར་གྱི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ལུའུ་ལཱ་དང་ལྷན་དུ་འབད་བརྩོན་གྱིས་ཀྲུང་པར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྣེ་ཁྲིད་བྱས་ནས། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་མདུན་ལམ་དེ་བས་ཡངས་པ་བཏོད་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་རྒྱུན་མཐུད་ཆེ་རུ་གཏོང་གི་ཡིན།
དེ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པར་ཙིར་གྱི་ཙུང་ཐུང་གཞོན་པར་མུ་མཐུད་བདམས་ཐོན་བྱུང་བའི་ཨར་ཁེ་མིང་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།