དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྥུའུ་ཅན་ཆོན་ཀྲོའུ་གྲོང་ཁྱེར་ཡུང་ཁྲུན་རྫོང་གི་སྲིད་འཛིན་གྲོང་ཚོ་ཡོངས་ལ་རྒན་རྒོན་སློབ་ཁང་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲི་ཡུས།   |     སྤེལ་དུས།  2026-10-28

    རྒན་རྒོན་གྱི་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་དགོས།

    ——“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལས་བཏུས།

    ཧྥུའུ་ཅན་ཆོན་ཀྲོའུ་གྲོང་ཁྱེར་ཡུང་ཁྲུན་རྫོང་ཧུའུ་དབྱང་གྲོང་རྡལ་ཝུའུ་ལིང་གྲོང་ཚོའི་རྒན་རྒོན་སློབ་ཁང་ནང་དུ་སློབ་བརྩོན་གྱི་རྣམ་པས་ཁེངས། ལོ་80ལ་སླེབས་པའི་ཝུའུ་ལིང་གྲོང་ཚོའི་ཡུལ་མི་ཀྲེང་ཆིང་གིས་སྔོ་དྲོར་རྒྱ་ཡིག་ཡིག་གཟུགས་ཤོག་ལྷེ་ཁ་ཤས་བྲིས།

    “ལོ་འདི་དག་རིང་། གྲོང་ཚོས་དགེ་རྒན་གདན་དྲངས་ནས་ཡིག་གཟུགས་སློབ་ཀྱི་འདུག རང་ཉིད་ཀྱང་དེ་གར་སློབ་སྦྱོང་བྱས་ནས་ཡི་གེ་མང་ཙམ་ཤེས་འདོད་བྱུང་། རྒན་རྒོན་སློབ་ཁང་གི་དཔེ་ཀློག་ཁུལ་དུ་སྔོ་ཚལ་འདེབས་སྟངས་སྐོར་གྱི་དཔེ་དེབ་ཀྱང་འདུག རང་ཉིད་ལ་ཁོམ་པ་བྱུང་རིམ་བཞིན་དེབ་ལྟ་བར་ཡོང་གི་ཡོད་པས། ལག་རྩལ་ཡང་མི་ཉུང་བ་ཞིག་ཤེས་བྱུང”ཞེས་ཀྲེང་ཆིང་གིས་བརྗོད།

    ཝུའུ་ལིང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་དབྱིང་ཏུང་གིས། གྲོང་ཚོ་འདིའི་རྒྱུན་སྡོད་མི་འབོར་ཁྲོད་ཀྱི་བཅུ་ཆ་བདུན་རྒན་རྒོན་ཡིན་པས། ཁོང་ཚོར་ཞབས་འདེགས་དེ་བས་ཡག་པོ་ཞུ་ཆེད། གྲོང་ཚོས་2019ལོར་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་པ་བརྒྱུད་རྒན་རྒོན་ཟ་ཁང་གཉེར་ཡོད། དུས་རྒྱུན་ཉིན་རེར་ཁ་ལག་ཟ་མཁན་རྒན་རྒོན་བཅུ་ཕྲག་ཟིན་གྱི་ཡོད། “དངོས་པོའི་རྒྱགས་ཕྱེ་ཡོད་དགོས་ལ་བསམ་པའི་རྒྱགས་ཕྱེ་ཡང་ཡོད་དགོས” རྒན་རྒོན་ཟ་ཁང་དུ་འཛོམས་པའི་མི་ཚོགས་ལ་བརྟེན་ནས་གྲོང་ཚོས་དེ་གར་རྒན་རྒོན་སློབ་ཁང་ཡང་བཙུགས་ཡོད་ཅེས་ངོ་སྤྲོད་བྱས།

    རྫོང་དམངས་སྲིད་སྡེ་ཚན་དང་ཤང་དང་གྲོང་རྡལ་གྱི་རྒྱབ་སྐྱོར་དང་མཐུན་སྦྱོར་འོག གྲོང་ཚོས་གྲོང་ཚོའི་རྒན་ཡོལ་ཞུས་པའི་དགེ་རྒན་རྒན་གྲས་དང་། ཡུང་ཁྲུན་རྫོང་རྒན་རྒོན་སློབ་ཆེན་གྱི་སློབ་མའི་དང་བླངས་པ། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་རྒན་གྲས་སོགས་གདན་དྲངས་ནས་ཡིག་གཟུགས་དང་མིག་མངས་སོགས་ཀྱི་སློབ་ཚན་ཁྲིད་པ་མ་ཟད། དུས་ངེས་མེད་དུ་བདེ་ཐང་དང་ཁ་བསླུས་འགོག་རྒོལ་སོགས་སྐོར་གྱི་ཤེས་བྱ་འཆད་ཁྲིད་ཀྱང་བྱེད་ཀྱི་ཡོད་པ་རེད།

    དགེ་རྒན་གདན་དྲངས་པ་ཕུད། ཝུའུ་ལིང་གྲོང་ཚོས་ད་དུང་ས་གནས་དེ་གའི་རྒན་རྒོན་སྐུལ་སློང་བྱས་ཏེ་དང་བླངས་ཞབས་ཞུའི་ནང་ཞུགས་སུ་བཅུག་ནས་ཁྱིམ་མཚེས་དབར་རོགས་རེས་དང་མཉམ་སྤྱོད་མཉམ་སྦྱོང་ཐུབ་པར་བྱས་ཡོད། ད་ལོ་ལོ་71ལ་སླེབས་པའི་ཡུལ་མི་ཝུའུ་ཙའེ་ཆིན་ལོ་མང་རིང་རྒན་རྒོན་ཟ་ཁང་དང་སློབ་ཁང་དོ་དམ་ནང་ཞུགས་ནས་རྒན་རྒོན་ཚོར་འབྲེལ་གཏུག་བྱེད་པའི་འགན་འཁུར་གྱི་ཡོད། “ཚང་མས་ཕར་འགྲོ་ཚུར་འོང་མང་ཙམ་བྱས་ནས་ཁྱིམ་མཚེས་དབར་ཕན་ཚུན་རོགས་རམ་བྱས་པས་ངོ་གདོང་གི་འཛུམ་མདངས་ཀྱང་མང་དུ་ཕྱིན་འདུག”ཅེས་ཝུའུ་ཙའེ་ཆིན་གྱིས་བརྗོད།

    གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཁག་གཅིག་གི་རྒན་རྒོན་ཚོར་ཡང་རྒན་རྒོན་སློབ་ཁང་གི་བྱེད་སྒོ་སྣ་ཚོགས་ལོངས་སུ་སྤྱོད་ཐུབ།

    ཡུང་ཁྲུན་རྫོང་ཐའོ་ཁྲེང་གྲོང་རྡལ་ཧྭ་ཧྲི་སྡེ་ཁུལ་གྱི་རྒན་རྒོན་སློབ་ཁང་དུ། གློག་རྡུལ་རོལ་ཆའི་རམ་འདེགས་འོག མཉམ་གཞས་ཚོགས་པའི་རྒན་རྒོན་ཚོས་གླུ་གཞས《ནན་ཉི་དབན》སྦྱོང་བཞིན་འདུག ཡུང་ཁྲུན་རྫོང་དྲོ་སྐྱིད་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་སྤྱི་ཚོགས་ལས་དོན་པ་ལིའུ་ལུའུ་ཡིས་རྒན་རྒོན་ཚོར་རིག་ནུས་ལག་ཐོགས་ཁ་པར་སྤྱོད་སྟངས་སློབ་ཀྱི་འདུག ལོ་64ལ་སླེབས་པའི་གྲོང་མི་ཀྲེང་ཀུའེ་ཧྭ་ཡིས“སློབ་ཚན་ཐེངས་ཁ་ཤས་ཉན་རྗེས་ལག་ཐོགས་ཁ་པར་བེད་སྤྱོད་ཡག་པོ་ཐུབ་ཀྱི་འདུག”ཅེས་བརྗོད།

    ཧྭ་ཧྲི་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ལྷན་གྱི་ཀྲུའུ་རེན་ཀྲེང་ཏ་ཏེ་ཡིས། སྡེ་ཁུལ་གྱིས་རྒན་རྒོན་ཚོར་ཕན་ཚུན་རོགས་རམ་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་ཆབས་ཅིག གྲོང་ཁུལ་གྱི་དང་བླངས་པ་དང་དེ་བཞིན་སྤྱི་ཚོགས་ལས་དོན་ཚོགས་པར་འབྲེལ་གཏུག་རྒྱ་ཁྱབ་བྱས་ནས་སློབ་ཁྲིད་ལས་དོན་ནང་ཞུགས་སུ་འཇུག་གི་ཡོད། “གཟའ་འཁོར་རེར་ལག་ཤེས་བཟོ་རྩལ་དང་། འཕྲོད་སྦྱོར་ཤེས་བྱ། འཚོ་བའི་ཐབས་རྩལ་སོགས་སྐོར་གྱི་སློབ་ཚན་ཉུང་མཐར་ཡང་ཐེངས་གཉིས་རེ་བཀོད་སྒྲིག་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    མིག་སྔའི་བར། ཡུང་ཁྲུན་རྫོང་ལ་རྒན་རྒོན་སློབ་གྲྭ་273ཡོད་པའི་ནང་གྲོང་ཚོ་དང་གྲོང་ལྷན་གྱི་རྒན་རྒོན་སློབ་གྲྭ་236ཟིན་ནས་སྲིད་འཛིན་གྲོང་ཚོ་ཚང་མར་རྒན་རྒོན་སློབ་གྲྭ་ཡོད་པ་རེད། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་རྒན་རྒོན་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་3.7ཙམ་ཟིན་ནས་རྫོང་དེ་ཡོངས་ཀྱི་རྒན་རྒོན་བསྡོམས་འབོར་གྱི་32.6%བཟུང་ཡོད། “ང་ཚོས་མུ་མཐུད་ཡུལ་བབ་དང་བསྟུན་ནས་རྒན་རྒོན་གྱི་སློབ་གསོའི་ཐོན་ཁུངས་སྤྱི་འདོམས་དང་། ས་གནས་རང་གི་ཤེས་ལྡན་པའི་ལེགས་ཆ་འདོན་སྤེལ་བྱས་ནས། རྒན་རྒོན་ཚོས་སྦྱངས་ནས་སྤྲོ་བ་འཕེལ་བ་དང་སྦྱངས་ནས་ཕན་ཐོགས་པ”བྱེད་ཀྱི་ཡིན་ཞེས་ཡུང་ཁྲུན་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲེན་དབྱི་ཡུང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།