ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་81འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཧྥུའུ་ཀྲོའུ་རུ་འཚོགས་པ།
ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་81འཁོར་བ་དང་ཐའེ་དབན་གྱི་བདག་དབང་སླར་གསོའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་་ནས་ལོ་1འཁོར་བའི་མཚམས་ཏེ། ཟླ་10ཚེས་25ཉིན་གྱི་སྔ་དྲོ་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་81འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འཚོགས་ཤིང་། ཐའེ་དབན་གྱི་རི་འགོག་སྤུན་ཟླ་འདས་པོའི་ནང་མི་དང་། ཐའེ་དབན་དུ་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རྗེས་རབས་པ། ངོགས་གཉིས་ཀྱི་གཞོན་ནུ་ལོ་ཆུང་དང་ཀང་ཨའོ་དང་ཕྱི་རྒྱལ་གྱི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཁྱོན་མི་200ཙམ་ཞུགས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་ཡིས་བརྗོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱིས་སྔ་ཕྱི་བར་གསུམ་དུ་མཚོ་འགག་ངོགས་གཉིས་ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས་བྲིས་པ་དང་ངོགས་གཉིས་ཀྱི་སྤུན་ཟླ་ཤ་རུས་གཅིག་ཏུ་འབྲེལ་བའི་ལོ་རྒྱུས་ཀྱི་དོན་དངོས་གསལ་པོར་མཚོན་པར་བྱས་ཡོད། ཏང་དང་རྒྱལ་ཁབ་ཀྱིས་ཐའེ་དབན་གྱི་བདག་དབང་སླར་གསོའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་པ་དེ་ལས་ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་གདེང་ཚོད་བརྟན་པོ་མཚོན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པའི་རྣམ་པ་སྲ་བརྟན་དུ་བཏང་ཡོད། ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་རི་འགོག་གི་སྙིང་སྟོབས་རླབས་པོ་ཆེ་དང་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་བྱས་ཏེ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་རོལ་ཕྱོགས་གཏོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ང་ཚོས་ཀྲུང་ཧྭའི་རིག་གནས་དར་སྤེལ་བཏང་ནས་ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་ཆེ་རུ་གཏོང་དགོས། ད་ལོ་ང་ཚོས་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ཁག་བཅུ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུ་རེད། ང་ཚོས་གླིང་ཕྲན་ནང་གི་རྒྱལ་གཅེས་གཅིག་གྱུར་གྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བརྟན་པོ་བྱས་ཏེ་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་ནས་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མཉམ་དུ་སྒྲུབ་དགོས།
ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལུང་གིས་བརྗོད་དོན། ཧྥུའུ་ཅན་དང་ཐའེ་དབན་ནི་ས་ཐག་ཉེ་ཞིང་ཤ་ཁྲག་འབྲེལ་བ་དང་། སེམས་པ་མཐུན་ཞིང་ཚོང་ལས་མཉམ་དུ་འདྲེས་ཡོད། དུས་ཡུན་རིང་པོའི་ནང་། ཧྥུའུ་ཅན་དང་ཐའེ་དབན་གྱི་སྤུན་ཟླ་མི་རབས་ནས་མི་རབས་ཀྱིས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་འབྱོར་ཕྱུག མི་རིགས་བསྐྱར་དར་བཅས་མངོན་འགྱུར་ཡོང་ཆེད་དཔུང་པ་མཉམ་གཤིབ་དང་ཐུན་མོང་འབད་འཐབ་བྱས་ནས།“ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ། ཧྥུའུ་ཅན་ཐའེ་དབན་འབྲེལ་ལམ་ཟབ”ཅེས་པར་གསལ་འགྲེལ་ཟབ་མོ་བྱས་ཡོད། རྒྱང་ལམ་གསར་པར། ང་ཚོས་ཐའེ་དབན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པར་ཏང་གིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཚོང་འགྲུལ་གྱིས་མཉམ་འདྲེས་ལ་སྐུལ་སྤེལ་དང་། ཁེ་ཕན་གྱིས་མཉམ་འདྲེས་ལ་སྐུལ་སྤེལ། བརྩེ་སེམས་ཀྱིས་མཉམ་འདྲེས་ལ་སྐུལ་སྤེལ་བཅས་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་ངོགས་གཉིས་ཀྱི་ཐུན་མོང་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་དང་། ངོགས་གཉིས་ཀྱི་ཐུན་མོང་ཁྲོམ་ར་འཛུགས་སྐྲུན་བྱེད་པ། ངོགས་གཉིས་ཀྱི་ཐུན་མོང་རིག་གནས་དར་སྤེལ་གཏོང་བ་བཅས་བྱས་ཏེ། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་སྤུས་ཚད་མཐོ་པོས་བསྐྲུན་ནས་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན།
ཀྲུང་གོ་གོ་མིན་ཏང་གི་དེ་སྔའི་ཀྲུའུ་ཞི་དང་ཀྲུང་ཧྭ་ཆིང་ཡན་ཞི་བདེ་སློབ་གསོ་ཐེབས་རྩ་ལྷན་ཚོགས་ཀྱི་ཏུང་ཧྲི་ཀྲང་ཧུང་ཤིའུ་ཀྲུའུ་ཡིས་བརྗོད་དོན། གལ་སྲིད་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཁྲག་བཏོན་དམར་འཛིང་བྱས་མེད་ཚེ་ཐའེ་དབན་གྱི་བདག་དབང་སླར་གསོ་ཡོང་མི་སྲིད། ཐའེ་དབན་གྱི་མདུན་ལམ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་དང་འབྲེལ་བ་ཡོད་པས། “ཐའེ་དབན་རང་བཙན”ཕྱོགས་གཏོགས་ཀྱིས“ཀྲུང་གོ་ཅན་མེད་པར་བཟོ་བར”ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་བའི་རི་འགོག་གི་སྔོན་བྱོན་དཔའ་བོ་ཚོའི་སྙིང་སྟོབས་ཐུན་མོང་ཐོག་རྒྱུན་འཛིན་དང་ཞི་བའི་གཅིག་གྱུར་གྱི་ཕྱོགས་སུ་འབད་འཐབ་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།