གནའ་བོའི་མི་བཟོས་གཙང་པོ་ལས་ཉམས་འགྱུར་གསར་པ་མངོན་ནས་ཆུ་བཅོས་ཆུ་དར་གྱི་དུས་རབས་ཀྱི་ལེའུ་གསར་རྩོམ་པ།
ཧོ་དབྱིན།
ཉེ་ཆར། “གསར་གཏོད་དང་མཐའ་འཁྱོངས། འགག་རྩའི་གདམ་ག”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་འཛམ་གླིང་གི་མི་བཟོས་གཙང་པོའི་ཚོགས་ཆེན་ཀོང་ཤིས་ཀུའེ་ལིན་དུ་འཚོགས་ཤིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་20ལྷག་ཙམ་གྱི་མི་བཟོས་གཙང་པོའི་གྲོང་ཁྱེར་དང་ལས་རིགས་རྩ་འཛུགས་ཀྱི་འཐུས་མི་སོགས་མཉམ་དུ་འཛོམས་ཏེ། འཛམ་གླིང་གི་མི་བཟོས་གཙང་པོའི་ཤུལ་བཞག་སྲུང་སྐྱོང་དང་། ཆུ་ཐོག་སྐྱེལ་འདྲེན་རིམ་སྤོར། རྒྱུག་ཁུལ་མཐུན་སྦྱོར་འཕེལ་རྒྱས་སོགས་ཀྱི་གྲོས་དོན་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་མ་ཟད། ཕིང་ལུའུ་མི་བཟོས་གཙང་པོ་དང་། ལིང་ཆུས། ལི་ཅང་བཅས་ལམ་ཐིག་གསུམ་ལ་ས་ཡུལ་དངོས་སུ་རྟོག་ཞིབ་ཀྱང་བྱས་ནས། མི་བཟོས་གཙང་པོ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་མཉམ་ལས་ཐབས་ལམ་གཏོད་ཐབས་མཉམ་དུ་གླེང་བ་རེད།
མི་བཟོས་གཙང་པོ་ནི་རི་ཀླུང་གི་པང་དུ་རྒྱུག་པའི་ལོ་རྒྱུས་སྙན་ངག་ཅིག་རེད། མིག་སྔར། གོ་ལ་ཧྲིལ་པོའི་མི་བཟོས་གཙང་པོའི་ཤུལ་བཞག་ནུས་པ་ཆེར་སྐྱེད་དང་། ཆུ་ཐོག་སྐྱེལ་འདྲེན་ལྗང་མདོག་ཕྱོགས་སྒྱུར། རྒྱུག་ཁུལ་གྱི་མཉམ་ལས་བཅོས་སྐྱོང་བཅས་ལ་ཐུན་མོང་གི་དཔྱོད་དོན་མང་དག་ཅིག་འཕྲད་ཡོད། རྒྱལ་ནང་ཆུ་ལམ་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་གཙོ་གཉེར་བྱས་པའི་འཛམ་གླིང་གི་མི་བཟོས་གཙང་པོའི་ཚོགས་ཆེན་ལོ་ལྟར་ཡོ་རོབ་དང་། ཨེ་ཤེ་ཡ། མེ་གླིང་བཅས་སུ་རེས་མོས་བྱས་ཏེ་འཚོགས་ཡོད། དེ་ནི་གོ་ལ་ཧྲིལ་པོའི་མི་བཟོས་གཙང་པོའི་ཁྱབ་ཁོངས་ཀྱི་ཐུན་མོང་ངོས་འཛིན་བསྡུ་སྒྲིལ་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལས་སྟེགས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཚོགས་ཆེན་དེ་ཀྲུང་གོར་ཐེངས་གསུམ་པ་དང་ཀོང་ཤིས་སུ་ཚོགས་ཐེངས་དང་པོ་ཡིན་པ་རེད།
སྐབས་འདིའི་ཚོགས་ཆེན་ཕིང་ལུའུ་མི་བཟོས་གཙང་པོ་བསྐྲུན་ཏེ་གྲུ་གཟིངས་ཤར་གཏོང་བྱས་ནས་ཡུན་རིང་པོ་མ་སོང་བའི་སྐབས་དང་ཏག་ཏག་འཁེལ་བས། “ལོ་ངོ་སྟོང་གི་ལིང་ཆུས་ཀྱི་མེས་པོའི་བློ་གྲོས”དང“ཕིང་ལུའུ་མི་བཟོས་གཙང་པོའི་དེང་རབས་ཚན་རྩལ”གར་སྟེགས་གཅིག་གི་ཐོག་མཉམ་དུ་ངོམ་སྟོན་བྱས་ཏེ། གཉིས་སྟོན་དོན་བརྗོད་ལ་བརྟེན་ནས་ལོ་རྒྱུས་ཤུལ་བཞག་དང་དེང་རབས་ལག་ལེན་ལ་གླེང་མོལ་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་མི་བཟོས་གཙང་པོའི་རྒྱུན་འཛིན་འཕེལ་རྒྱས་ཀྱི་ཤེས་དཔལ་ནང་དོན་དང་དུས་རབས་ཀྱི་སྙིང་སྟོབས་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་གཙང་པོ་དང་རྒྱ་མཚོ་སྦྲེལ་བའི་མི་བཟོས་གཙང་པོ་ཐོག་མ་དེ་ཡིན་པའི་ཕིང་ལུའུ་མི་བཟོས་གཙང་པོས་ལྗང་མདོག་འཆར་འགོད་དེ་ཚེ་སྲོག་འཁོར་ཡུན་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཆུ་གྲོན་ཆུང་ཐུབ་པའི་གྲུ་ལམ་འགག་སྒོ་དང་། ཆུ་ཐོག་དང་སྐམ་ས་མཉམ་འདུས་རྣམ་པའི་སྲོག་ཆགས་གནས་སྤོའི་བགྲོད་ལམ། སྐྱེ་ཁམས་ལྡེབས་ངོས་སྐྱོབ་སྲུང་སོགས་ཀྱི་ལག་རྩལ་གསར་གཏོད་ཀྱིས་སྤྱད་པས། ས་རྡོ་ཕྱོགས་བསྡུས་སྤྱོད་ཚད་98%ཟིན་ནས་ལྗང་མདོག་འཆར་འགོད་ཀྱི་རྒྱལ་སྤྱིའི་བྱ་དགའ་ཆེན་པོ་དང་ལེགས་སྐྱེས་བྱ་དགའ་ཐོབ་པ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཆུ་བཅོས་ལག་ལེན་ཐད་གོམ་སྟབས་བརྟན་པོ་སྤོས་ཤིང་རྒྱུན་འཛིན་ཁྲོད་གསར་དར་གྱི་གསོན་ཤུགས་མངོན་པ་སྟེ། 2025ལོར་རྒྱལ་ཡོངས་སུ་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་ཁྲི་1.28བཏང་ནས་ཆུ་བེད་རྣམ་གྲངས་ཁག་ཁྲི་4.7ལག་ལེན་བསྟར་བ་དང་། ལོ་27ཆུ་རྒྱུན་ཆད་པའི་ཤིས་ལིའོ་གཙང་པོའི་ཆུ་ལམ་ཧྲིལ་པོར་གྲུ་ལམ་ཤར་གཏོང་ཐུབ་པ་དང་ཅིང་ཧང་མི་བཟོས་གཙང་པོ་ལོ་4བསྟུད་མར་ཆུ་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་ཀྲུང་གོའི་ཆུ་སྤྱོད་བསྡོམས་འབོར་འཕར་མེད་ལ་གསར་དུ་བླངས་པའི་ལྗང་མདོག་གྲུ་གཟིངས་ཀྱི་མངགས་ཐོས་རྒྱལ་སྤྱིའི་ཁྲོམ་རའི་80%ལྷག་ཙམ་ཟིན་ནས། ཆུའི་ཐོན་ཁུངས་གྲོན་ཆུང་སྲུང་སྐྱོང་དང་ཆུ་ཐོག་སྐྱེལ་འདྲེན་ལྗང་མདོག་ཕྱོགས་སྒྱུར་སོགས་ཀྱི་ཁྱབ་ཁོངས་སུ་བྱང་ཆུབ་པའི་ཐབས་ལམ་ཞིག་བཏོད་ཡོད། ཀྲུང་གོའི་ཆུ་བཅོས་འདུ་ཤེས་གཅིག་རྒྱུན་གཅིག་འཛིན་གྱིས་དུས་བསྟུན་འཕེལ་རྒྱས་ཕྱིན་ནས། མ་ལག་བཅོས་སྐྱོང་ལ་བརྟེན་ཏེ་ཆུའི་ཐོན་ཁུངས་དང་། ཆུའི་སྐྱེ་ཁམས། ཆུའི་རིག་གནས་བཅས་ལ་སྤྱི་འདོམས་བྱས་པས་མི་ཆུ་ཞི་མཐུན་གྱི་འཕེལ་རྒྱས་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད་པ་རེད།
ཀྲུང་གོའི་ཆུ་བཅོས་བློ་གྲོས་དང་ཉམས་མྱོང་གིས་གོ་ལ་ཧྲིལ་པོའི་ཆུའི་བཅོས་སྐྱོང་ཐད་དཔྱད་གཞིར་འཛིན་རིན་ཡོད་པའི་དངོས་ཡོད་ཀྱི་མ་དཔེ་ཞིག་མཁོ་འདོན་བྱས་ནས། འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོན་པར་བྱས་ཡོད། འཛམ་གླིང་ཆུའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥུ་ཞུན་གྱིས། ཀྲུང་གོའི་གསར་གཏོད་རང་བཞིན་གྱི་ཆུ་བཅོས་ཇུས་གཞིར་མ་ལག་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གཉིས་ཀ་ལྡན་པས། མིའི་རིགས་ཀྱིས་ཆུའི་ཐོན་ཁུངས་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོང་དབར་དེ་བས་ཞི་མཐུན་རྒྱུན་སྲིང་གི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་ཐུབ་རྒྱུ་རེད་ཅེས་བརྗོད།
ཆུ་བོར་རྒྱུན་གནས་ཀྱི་གཟུགས་མེད་ཀྱང་སྐལ་བརྒྱར་ཕན་པ་འདོགས་ནུས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཆུ་བཅོས་ཆུ་དར་གྱི་བློ་གྲོས་དེ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་ཁྱབ་པར་བྱས་ནས། འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་དར་རྒྱས་ཀྱི་གཙང་པོ་དང་། ཕྱི་ནང་འབྲེལ་མཐུད་ཀྱི་སྒོ་དབྱེའི་གཙང་པོ། དམངས་སེམས་གཅིག་མཐུན་གྱི་མཛའ་གྲོགས་ཀྱི་གཙང་པོ་བཅས་སུ་འགྱུར་བར་བྱས་ཏེ། མི་བཟོས་གཙང་པོའི་སྒོ་དབྱེ་མཉམ་ལས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ལག་གདང་སྦྲེལ་ནས་མི་ཆུ་ཞི་མཐུན་གྱི་དུས་རབས་ཀྱི་ལེའུ་གསར་ཞིག་རྩོམ་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།