“མི་རབས་རེ་རེས་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས”
སི་ཕེན་གྱི་IEསློབ་ཆེན་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་པར་ཏི་ཝེ་སུའོ་ལ་བཅར་འདྲི་ཞུས་པ།

“རྒྱང་སྐྱོད་ནི་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་གི་དོན་ཆེན་གལ་ཆེན་ཞིག་རེད་ལ་ཕུགས་བསམ་དང་། རྩ་འཛུགས། སྙུགས་ཤེད། ལོ་རྒྱུས་ཀྱི་དྲན་ཤེས་བཅས་སྐོར་གྱི་གནས་ཚུལ་ཞིབ་བརྗོད་བྱས་པ་ཞིག་ཀྱང་རེད” ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་སྐོར་གླེང་སྐབས་སི་ཕེན་གྱི་IEསློབ་ཆེན་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧྥེ་ལི་ཁེ་སི·པར་ཏི་ཝེ་སུའོ་ཡིས་རང་ཉིད་ཀྱི་གོ་བ་ལེན་ཚུལ་བརྗོད་ཡོད།
པར་ཏི་ཝེ་སུའོ་ཡིས། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་པོ་དང་། བབ་བསྟུན་གྱི་འཐབ་ཇུས་ལེགས་སྒྲིག ཕུལ་དུ་བྱུང་བའི་མང་ཚོགས་སྐུལ་སློང་། དེ་བཞིན་གནས་བབ་ངན་པའི་ཁྲོད་མཉམ་ཤུགས་གཅིག་སྒྲིལ་ཐུབ་པ་བཅས་ཚང་མ་ནི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་དོན་ཤེས་རྟོགས་བྱེད་པའི་ཟུར་ཚད་གལ་ཆེན་ཞིག་རེད་ཅེས་བརྗོད་ཅིང་། ཁོང་གིས། འཆི་གསོན་གྱི་ཚོད་བགམ་དྲག་པོའི་མདུན་དུ་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་གིས་འཐབ་ཇུས་ཀྱི་གདམ་ག་བྱེད་དགོས་ལ། རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བའི་ཁོར་ཡུག་ཁྲོད་ཐབས་ལམ་ཡང་འཚོལ་དགོས། རྒྱང་སྐྱོད་ཀྱི་ལོ་རྒྱུས་དོན་སྙིང་ནི་དཀའ་ཚེགས་ཆེ་བའི་འཚོལ་ཞིབ་དེ་འདྲའི་ཁྲོད་རིམ་བཞིན་མངོན་ཡོད་པའི་ངོས་འཛིན་བྱས་པ་རེད།
པར་ཏི་ཝེ་སུའོ་ཡིས། ལོ་རྒྱུས་ཀྱི་རིན་ཐང་ནི་འདས་དོན་ཟིན་ཐོར་འཁོད་པ་ཙམ་མ་ཚད། མི་རྣམས་ཀྱིས་དེང་སྐབས་ཤེས་རྟོགས་བྱེད་པར་ཕན་པ་ཡོད་པས་སོ། རྒྱང་སྐྱོད་ནི་ཀྲུང་གོར་གཏོགས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་ཤེས་རྟོགས་བྱེད་པར་སྐར་ཁུང་གལ་ཆེན་ཞིག་མཁོ་འདོན་ཡང་བྱས་ཡོད་ཅེས་བརྗོད་པ་དང་། རྒྱང་སྐྱོད་སྙིང་སྟོབས་ཀྱི་དངོས་ཡོད་དོན་སྙིང་སྐོར་གླེང་སྐབས། ཁོང་གིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ཚེ་སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་བསྐྱོད་པར་ཕན་ཐོགས་ཡོད་པ་སྟེ། དཔལ་འབྱོར་ཕྱོགས་སྒྱུར་དང་། ལག་རྩལ་གསར་གཏོད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བཅས་ཚང་མ་བྱེད་ཐེངས་གཅིག་ལ་འགྲུབ་མི་ཐུབ་པས་རྒྱུན་སྲིང་ལྷོད་མེད་ངང་འཚོལ་ཞིབ་བྱེད་དགོས་ཀྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གི་ངོས་ནས་བརྗོད་ན་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་ཀྲུང་གོའི་འགྱུར་ལྡོག་གི་འཕྲོད་ཤུགས་ཆེན་པོ་མངོན་ཡོད། རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་དེང་རབས་འཕེལ་རྒྱས་ཟུང་འབྲེལ་བྱེད་པའི་འགག་རྩ་ནི་དེའི་ཁྲོད་ནས་དངོས་ཡོད་ཀྱི་འགྲན་སློང་ལ་ཇི་ལྟར་བྱས་ཏེ་ཁ་གཏད་གཅོག་པ་དང་ཇི་ལྟར་བྱས་ཏེ་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་ཁ་ཕྱོགས་རྒྱུན་འཁྱོངས་དང་སྟོབས་ཤུགས་གསོག་འཇོག་བྱེད་དགོས་པ་མ་ཟད་ལག་ལེན་ཁྲོད་གནད་དོན་ཐག་གཅོད་བྱེད་སྟངས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པར་རག་ལུས་ཡོད་པ་རེད།
པར་ཏི་ཝེ་སུའོ་ཡིས། “མི་རབས་སོ་སོར་རྒྱང་སྐྱོད་ཀྱི་ལམ་བུ་རེ་ཡོད་པས། མི་རབས་རེ་རེས་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས། ད་ཆའི་ཀྲུང་གོའི་ངོས་ནས་བརྗོད་ན། རྒྱང་སྐྱོད་ནི་ཡིག་ཐོག་གི་དོན་སྙིང་ལྡན་པའི་རྒྱང་སྐྱོད་ཅིག་གཏན་ནས་མིན་པར་དེའི་ནང་གི་བློ་བརྟན་འགྱུར་མེད་དང་། འཚོལ་ཞིབ། རྒྱུན་མཐུད་འབད་འཐབ་བཅས་ཀྱི་སྙིང་སྟོབས་ཀྱིས་འཕེལ་རྒྱས་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་གཅོག་ཆེད་སྟོབས་ཤུགས་མཁོ་འདོན་བྱེད་ཐུབ”ཅེས་བརྗོད།
པར་ཏི་ཝེ་སུའོ་ཡིས། ཡོ་རོབ་དང་ཀྲུང་གོར་ལོ་རྒྱུས་ཀྱི་ཉམས་མྱོང་མི་འདྲ་བ་ཡོད་ལ་ལོ་རྒྱུས་ཀྱི་དྲན་ཤེས་ཀྱང་མི་འདྲ་བ་ཡོད། སྤྱི་ཚོགས་མི་འདྲ་བར་བསྡུར་བ་བྱས་པ་བརྒྱུད་འདས་ཟིན་པར་གོ་བ་ལེན་སྟངས་ཐོག་ནས་མི་རྣམས་ཀྱིས་ཕན་ཚུན་གྱི་ད་ཆའི་ལྟ་ཚུལ་དང་འབྱུང་འགྱུར་འཆར་འགོད་བྱེད་སྟངས་སྔར་བས་ཤེས་རྟོགས་ཐུབ་ཡོད། “བསྐྱོད་ཟིན་པའི་ལམ་བུ་བློ་ལ་བརྟན་པོར་ངེས་པ་དང་མིག་སྔར་གཞི་ཚུགས་ཏེ་རང་ཉིད་ལ་དབང་བའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུ་ནི་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལས་བྱུང་བའི་བློ་སྐྱེད་ཅིག་རེད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།