དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཁྲའོ་ཞན་གྱིས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཉམས་གསོའི་ལས་གྲྭ་ལས་མཇུག་འགྲིལ་བའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-28

    ཚེས་24ཉིན། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་བརྒྱབ་ནས་ལོ་ངོ་76འཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་འཆར་ཉེར་ཡོད་པའི་སྐབས་འདིར། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་པོས་ཁྲའོ་ཞན་ཧོང་ཧའེ་བྱང་ལམ་ཤིན་ཕིང་ཅུན་དུ་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཉམས་གསོའི་ལས་གྲྭ་ལས་མཇུག་འགྲིལ་བའི་མཛད་སྒོ་འཚོགས་ཤིང་། ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ཆི་ཧན་དང་། ཀྲུང་གོའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའི་པུའུ་ཀྲང་གཞོན་པ་ཧུང་ཙུང་མིང་། ཁྲའོ་ཞན་གྲོང་ཁྱེར་དོ་དམ་ཞིང་ཆེན་གྱི་བློན་ཆེན་གཞོན་པ་ཅང་ཀྲེ་ཧའོ་སོགས་ལས་མཇུག་འགྲིལ་བའི་མཛད་སྒོར་ཞུགས་ནས་ཤིས་ཚིག་གསུངས་པ་རེད།

    ཁྲའོ་ཞན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་ལས་རིགས་ཁག་གི་འཐུས་མི་དང་། ཁྲའོ་ཞན་དུ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གོའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའི་འཐུས་མི་ཚོགས་པ། ཁྲའོ་ཞན་ཕྱོགས་ཀྱི་གཞུང་ཕྱོགས་དཔོན་རིགས། ཨར་ལས་མི་སྣ། ས་གནས་དེ་གའི་མང་ཚོགས་ཀྱི་འཐུས་མི་སོགས་ཞུགས་ཡོད་པ་རེད།

    2026ལོའི་ཟླ་4པ་ནས་ཟླ་10པའི་བར། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཐུན་མོང་ཐོག་ཤིན་ཕིང་ཅུན་དང་། ཡོན་ཧྲན་གྲོང་ཁྱེར། ཝུན་ཁྲོན་གྲོང་ཁྱེར། ཁྲོན་ནེ་ཅུན། ཞི་ཕུའུ་ཅུན་བཅས་ཀྱི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཉམས་གསོའི་ལས་གྲྭ་ལེགས་གྲུབ་ཟིན་ཞིང་། ཤིན་ཕིང་ཅུན་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་600ཙམ་ཟིན་པ་དང་། ད་ཆ་སྔོན་གཤེགས་དཔའ་བོའི་མཉམ་དུ་དུར་འཇུག་བྱས་པའི་བང་སོ་1ཡོད་པར་ཁྱོན་སྔོན་གཤེགས་དཔའ་བོ་343དུར་འཇུག་བྱས་ཡོད་པ་རེད། ད་ཐེངས་ཉམས་གསོ་བྱེད་སྐབས་དྲན་གསོའི་རྒྱན་སྒོ་དང་། དྲན་གསོའི་ཐང་ཆེན། སྔོན་གཤེགས་དཔའ་བོའི་མིང་བཀོད་གྱང་སོགས་གསར་དུ་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།