བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་རོགས་སྐྱོབ།
རྨས་མ་ཚང་མར་སྨན་བཅོས་ཡག་པོ་བྱས་པ།
ཟླ་10ཚེས་24ཉིན་གྱི་དགོང་མོར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ནད་ཁང་ནས་གྲགས་འོང་བའི“ཨ་མ”ཞེས་པའི་འབོད་སྒྲ་ལས་དེ་གར་ཡོད་པའི་སྨན་དོན་མི་སྣ་ཚང་མ་མིག་ཆུ་དབང་མེད་དུ་ཤོར།
དེ་ནི་ལོ་3ལ་སླེབས་པའི་བུ་མོ་ཆུང་ཆུང་ཞིག་གི་འབོད་སྒྲ་ཡིན་ཞིང་། ཁོ་མོ་ཨ་མ་སྐྱིད་འཛོམས་དང་ཁ་གྱེས་ནས་ཆུ་ཚོད་27ཙམ་ཕྱིན་ཡོད།
ས་ཡོམ་རྒྱག་སྐབས་ཁང་པའི་གདུང་མ་འགྱེལ་ཡོང་བས་སྐྱིད་འཛོམས་ཀྱིས་ཐེ་ཚོམ་སྤུ་ཙམ་མེད་པར་བུ་མོ་རང་ཉིད་ཀྱི་ལུས་པོའི་འོག་ཏུ་སྦས་ནས་ཕྲུ་གུར་སྲུང་སྐྱོང་གང་ཐུབ་བྱས། བུ་མོར་རྨས་སྐྱོན་གང་ཡང་ཕོག་མེད། འོན་ཀྱང་སྐྱིད་འཛོམས་ཀྱི་བྲང་རུས་ཆག་པ་རེད།
ཟླ་10ཚེས་23ཉིན་གྱི་ཕྱི་དྲོར། སྐྱིད་འཛོམས་བཀོད་སྒྲིག་བྱ་ཡུལ་ནས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ་བ་དང་། གཤགས་བཅོས་སྐར་མ་90བྱས་མཐར་ཁོང་ཉེན་ཁ་ལས་ཐར་བ་རེད།
བུ་མོ་ཆུང་ཆུང་དེས་ཨ་མ་དང་ཁ་གྱེས་པའི་ཆུ་ཚོད་27ཙམ་རིང་མི་སུ་ལའང་སྐད་ཆ་བཤད་མེད། སྨན་ཁང་དུ་འབྱོར་དུས་ཁོ་མོར་ཚ་བ་རྒྱས་ནས་ཏུའུ་39.6ཟིན་གྱི་ཡོད་པས་སྨན་དོན་མི་སྣས་འཕྲལ་མར་དངོས་ལུགས་ཚ་གཅོག་བྱས་པ་དང་། དེ་རྗེས་ཁ་ལག་སྟེར་བ་མ་ཟད། ཁོ་མོའི་ནད་ཁང་དུ་ལྷམ་གསར་པ་དང་རྩེད་ཆས་བསྒྲིགས་ནས་རྩེད་མོ་རྩེ་རོགས་བྱས་ཀྱང་ཁོ་མོས་སྔར་བཞིན་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད།
ད་ཐེངས་ཀྱི་ས་ཡོམ་རོགས་སྐྱོབ་རིང་རྫོང་རིམ་པའི་སྨན་ཁང་གིས་གང་མགྱོགས་མྱུར་སྐྱོབ་བྱེད་པ་ནས་གོང་རིམ་སྨན་ཁང་གིས་བརྩེ་བ་ཟབ་མོས་རོགས་སྐྱོབ་བྱེད་པའི་བར་ནུས་ཤུགས་ཡོད་རྒུས་བསྐྲུན་དང་སྐྲུན་བཞིན་པའི་སྐྱོབ་བཅོས་མ་ལག་ཆ་ཚང་ལས་ས་ཡོམ་རྗེས་ཀྱི་རྨས་མ་ཚང་མར་སྨན་བཅོས་ཡག་པོ་ཐུབ་ཡོད།
ཡོམ་ལྟེ་དང་ཐག་ཉེ་ཤོས་ཀྱི་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་ནི་སོག་རྫོང་མི་དམངས་སྨན་ཁང་ཡིན་ཞིང་། ས་ཡོམ་བརྒྱབ་རྗེས་དེ་གས་འཕྲལ་མར་མྱུར་སྐྱོབ་ཀྱི་འགོག་སྲུང་འཛིང་རགས་དང་པོའི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཡོད།
ཟླ་10ཚེས་22ཉིན་གྱི་དགོང་མོར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཞུས་ཧྲི་ཀྲའོ་ཡིས་ལས་གནས་སུ་ལོག་པའི་མི་སྣའི་སྣེ་ཁྲིད་དེ་འཕྲལ་བཅོས་སྨན་ཁབ་རྒྱག་ཁུལ་སྒྱུར་བཀོད་བྱས་ནས་རྨས་སྐྱོན་ཆུང་བའི་ནད་པར་སྨན་བཅོས་བྱས་པ་རེད།
སྨན་དོན་མི་སྣའི་ཚོགས་ཆུང་18བཀོད་སྒྲིག་བྱས་ཤིང་། ཚོགས་ཆུང་རེར་སྨན་པ་གཅིག་དང་སྨན་གཡོག་གཅིག་གིས་རྨས་མ་གཅིག་ལ་འགན་ཁུར་ནས་བརྟག་དཔྱད་རགས་ཙམ་བྱས་པ་དང་། ལེའོ་ཉིང་ཏ་ལེན་ནས་ཡོང་བའི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ནད་པ་ཚང་མའི་གཟུགས་པོར་བརྟག་དཔྱད་ཐེངས་གཉིས་པ་བྱས་ནས། “མི་རེར་ཐབས་ཇུས་རེའི”སྨན་བཅོས་ཇུས་གཞི་མཉམ་དུ་གཏན་འཁེལ་བྱས་པ་རེད།
ཞུས་ཧྲི་ཀྲའོ་ཡིས“སྨན་བཅོས་སྔ་ཙམ་ཐུབ་ན་ཕན་པ་དེ་ཙམ་གྱིས་ཆེ་བ་ཡོད”ཅེས་བཤད། ས་ཡོམ་བརྒྱབ་པའི་མཚན་མོ་དེ་ནས་ཕྱི་ཉིན་ཞོགས་པའི་བར་སོག་རྫོང་མི་དམངས་སྨན་ཁང་དུ་སྐྱེལ་བའི་རྨས་མའི་ནང་ནད་གཞི་ཚབས་ཆེ་རུ་ཕྱིན་པ་གཅིག་ཀྱང་མེད། ཚེས་25ཉིན་བར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་མི་དམངས་སྨན་ཁང་གིས་རིམ་རྩིས་བརྒྱབ་ན་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པའི་རྨས་མ་57ལ་སྨན་བཅོས་བྱས་པ་དག་སྐྱོབ་བཅོས་ཡག་པོ་ཐུབ་ཡོད།
ས་ཡོམ་བརྒྱབ་ཚུན། བོད་ཀྱི་རིམ་ཁག་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་རྨས་སྐྱོན་ཕོག་པའི་མང་ཚོགས་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་ཤིང་། སྦྲ་ཆེན་རྫོང་གི་ས་གནས་དེ་གའི་སྨན་བཅོས་སྟོབས་ཤུགས་ཕུད། བོད་རང་སྐྱོང་ལྗོངས་དང་། ནག་ཆུ་གྲོང་ཁྱེར། སོག་རྫོང་སོགས་མཐའ་འཁོར་ས་ཁོངས་ཀྱི་སྨན་བཅོས་རོགས་སྐྱོབ་པ་230ལྷག་ཙམ་དང་མྱུར་སྐྱོབ་རླངས་འཁོར་40ལྷག་ཙམ་མངགས་ཏེ། རྨས་སྐྱོན་ཕོག་པའི་མང་ཚོགས་ལ“མི་རེར་ཐབས་ཇུས་རེ”ལྟར་སྐྱོབ་བཅོས་ཡག་པོ་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།