དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱི་དམངས་འཚོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། 2026ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱི་དམངས་འཚོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་སྟེ་འབྲོག་ལས་ཐོན་སྐྱེད་གོང་འཕེལ་བརྟན་པོ་དང་། གྲོང་མིའི་ཡོང་འབབ་བརྟན་པོ་འཕར་བ། གྲོང་མིའི་འཛད་སྤྱོད་རིན་གོང་དལ་གྱིས་འཕར་བ། བཟོ་ལས་ཐོན་སྐྱེད་མཁན་གྱི་རིན་གོང་འཕར་ཚད་མངོན་གསལ་དོད་དུ་སོང་བ། ཟི་ལིང་གི་ཚོང་སྒྱུར་སྡོད་ཁང་གི་ཁྲོམ་རའི་རིན་གོང་ཟླ་གོང་མ་ལས་ཅུང་ཆག་པ། ལས་ཞུགས་ཀྱི་རྣམ་པ་བརྟན་ཐོག་ཡར་འཕེལ་བཅས་བྱུང་ཡོད།
དུས་ཚིགས་དང་པོ་ནས་གསུམ་པའི་བར། མཚོ་སྔོན་གྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23617ཟིན་པ་དེ་དུས་མཚུངས་ལས་5.5%འཕར་ཞིང་། ཡོང་འབབ་ཡོང་ཁུངས་ནས་བལྟས་ཚེ། མཚོ་སྔོན་གྱི་གྲོང་མི་མི་རེའི་ཆ་སྙོམས་གླ་ཕོགས་ཀྱི་ཡོང་འབབ་དང་། གཉེར་སྐྱོང་གི་ཡོང་འབབ་ཁེ་གཙང་། རྒྱུ་ནོར་གྱི་ཡོང་འབབ་ཁེ་གཙང་། གཞན་སྒྱུར་གྱི་ཡོང་འབབ་ཁེ་གཙང་བཅས་སྒོར་13559དང་། སྒོར་3796 སྒོར་909 སྒོར་5353བཅས་སོ་སོར་ཟིན་ནས་5.2%དང་། 11.8% 4.0% 2.7%བཅས་སོ་སོར་འཕར་ཡོད། རྒྱུན་སྡོད་ས་ཆར་གཞིགས་ནས་དབྱེ་ཚེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33181ཟིན་ནས་4.6%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12719ཟིན་ནས་6.3%འཕར་བ་དང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བསྡུར་ཚད་དེ་2.61:1ཟིན་ནས་དུས་མཚུངས་ལས་0.04ཆག་ཡོད།
དུས་ཚིགས་དང་པོ་ནས་གསུམ་པའི་བར། མཚོ་སྔོན་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས་0.8%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.1གིས་དམའ་བ་ཡོད་ནའང་སྤྱི་ཡོངས་ནས་བལྟས་ཚེ་སྔོན་ཆག་རྗེས་མཐོའི་རྣམ་པ་མངོན་ཡོད། ཚོང་ཟོག་ཆེ་གྲས་བརྒྱད་དང་ཞབས་ཞུའི་རིན་གོང་ཐད“བདུན་འཕར་གཅིག་ཆག”བྱུང་བའི་ནང་། གསེར་གྱི་རྒྱན་ཆ་དང་རྒྱན་ཆ་གཞན་དག་འཕར་བའི་རྒྱུ་རྐྱེན་གཙོ་བོར་བྱས་པའི་མཁོ་ཆས་གཞན་དག་དང་ཞབས་ཞུའི་རིགས་ཀྱི་རིན་གོང་8.5%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།