དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་སྟེང་གི“ཁྱིམ”དང“རྒྱལ་ཁབ”

    སྦྲ་ཆེན་གྱི་ས་ཡོམ་རིམ་པ་7.0གྱི་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-28

    དམར་རུ་ཤང་སྐམ་ལུང་རྒལ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་གམ་དུ་དམག་མིའི་སྦྲ་གུར་ལྗང་ཁུ་བརྒྱད་ཕུབ་པ་དེ་མངོན་གསལ་ཤིན་ཏུ་དོད་མོད། འོན་ཀྱང་དེའི་ནང་སྡོད་མཁན་མང་ཚོགས་ཀྱིས་བསྔཌ་བརྗོད་ཆེན་པོ་ཐོབ་པའི་བཅིངས་འགྲོལ་དམག་མི་མིན་པར་གནོད་འཚེ་ཕོག་པའི་མང་ཚོགས་རེད། ཡུལ་མི་ཉི་མ་གྲགས་པས“ས་ཡོམ་བརྒྱབ་པའི་མཚན་མོ་དེ་གར་འཁྱགས་ལྟོགས་གང་ཡང་མེད་པར་སྦྲ་གུར་ནང་སྡོད་རྒྱུ་བྱུང་བ་བསམ་ཡུལ་ལས་འདས་སོང་། རོགས་སྐྱོབ་མི་སྣ་མཐོང་མ་ཐག་ང་ཚོའི་སེམས་རྣལ་ལ་བབས་སོང”ཞེས་བཤད།

    ས་ཡོམ་བརྒྱབ་འཕྲལ་སྦྲ་ཆེན་རྫོང་མི་དམངས་དྲག་ཆས་པུའུ་ཡིས་གེགས་སེལ་སྦྲ་གུར་ཡོད་ཚད་ཁྱེར་ནས་ཡོམ་ལྟེར་རོགས་སྐྱོབ་བྱས་ཤིང་། འཚོལ་སྐྱོབ་དང་། ཉེན་སེལ། གནས་སྐབས་བཀོད་སྒྲིག་བྱ་ཡུལ་བཟོ་བ། ལྟོ་ཆས་ཚ་པོ་གྲ་སྒྲིག་ལ་སོགས་དཔོན་དམག་ཚོས་དུས་ཚོད་དམ་འཛིན་གྱིས་ཞིག་རོའི་གམ་དུ་ཡུལ་མི་ཚོར་ལུས་སེམས་ལྷོད་ལ་བབས་ས་ཞིག་བཀོད་སྒྲིག་བྱས། དེས་ན་འཐབ་འཛིང་པ་ཚོ་ཧ་ལམ་ཆུ་ཚོད་24རིང་གཉིད་མེད། མཚན་མོ་དེའི་སྐོར་གླེང་སྐབས་སྦྲ་ཆེན་རྫོང་མི་དམངས་དྲག་ཆས་པུའི་ཆབ་སྲིད་ཨུ་ཡོན་ཝང་ཆང་གིས་སྐད་ཆ་ཤོད་མཚམས་རེ་བཞག་ནས་འཐབ་འཛིང་པ་ཚོར་ཡང་ཡང་ལྟ་བཞིན་དུ་འདྲེན་བྱེད་དུ་མཆི་ཞག་འཁོར་གྱིན“མང་ཚོགས་སྐྱོབ་པ་དང་བཀོད་སྒྲིག་བྱ་རྒྱུ་དེ་ང་ཚོས་བསམ་གཞིག་བྱེད་པའི་གནད་དོན་དང་པོ་རེད”ཅེས་བཤད།

    སྦྲ་ཆེན་རྫོང་སློབ་འབྲིང་གཉིས་པའི་སློབ་མ་ཆོས་སྐྱིད་དབང་མོས“རྒྱལ་ཁབ་ནི་རླབས་ཆེ་བ་ཞིག་ཡིན་པས་ང་ཚོས་བཀའ་དྲིན་ཚོར་གྱི་འདུག ངའི་སློབ་སྦྱོང་དང་འཚར་ལོངས་ཐད་རྒྱལ་ཁབ་ཀྱིས་ཐུགས་ཁུར་གནང་བ་དང་ཁ་འབྲལ་ཐབས་མེད། ད་ཆའི་ཡོམ་འགོག་གེགས་སེལ་ལས་ང་ཚོས་རྒྱལ་ཁབ་ཀྱི་དྲོ་སྐྱིད་དེ་བས་ཚོར་གྱི་འདུག”ཅེས་བཤད།

    དེ་གར་གཞིས་ཆགས་པའི་བོད་རིགས་མང་ཚོགས་ཀྱི་ངོས་ནས་བཤད་ན“ཁྱིམ”ནི་འབྲི་གཡག་དང་། རྩྭ་ར། སྒོ་ར། བཟའ་ཟླ་དང་ཕྲུ་གུ་མཉམ་འཛོམས་ཀྱི་དྲོ་སྐྱིད་ལྡན་པའི་དུས་སྐབས་དེ་རེད། འོན་ཀྱང་ས་གཞི་ཆེན་པོར་གཡོ་འགུལ་ཆེན་པོ་ཐེབས་པ་དང་གྱང་ངོས་དེ་མུར་ལོག་རྗེས“ཁྱིམ” བསྐྱར་དུ་བཀོད་སྒྲིག་བྱེད་དགོས་པ་དང་མཚན་ཞག་བསྟུད་མར་ཕུབ་པའི་སྦྲ་གུར་རེ་རེའི་ནང་གི་ལྟོ་ཆས་ཚ་པོ་ཕོར་པ་རེ་རེ་དང་ལྕི་བ་འབུད་པའི་ཐབ་རེ་རེ་ཡི་དྲོ་སྐྱིད་ལས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཆེན་པོ་ཚོར་བཞིན་མཆིས།

    གངས་ཆེན་ཤང་གི་ལོ་72ལ་སླེབས་པའི་བགྲེས་སོང་འཛོམས་རྒྱལ་གྱིས“ང་ནི་རྒྱལ་ཁབ་ཀྱིས་རོགས་སྐྱོབ་གནང་མྱོང་ཡོད་པ་ཞིག་ཡིན། བརྗེད་པར་དཀའ་བ་ཞིག་ནི་གངས་སྐྱོན་ཐོན་སྐབས་གནམ་གྲུས་དངོས་རྫས་བསྐྱལ་བ་དེ་ཡིན། ད་དུང་གཞན་ཞིག་ནི་ད་ཐེངས་ཀྱི་ས་ཡོམ་བརྒྱབ་རྗེས་ཀྱི་རོགས་སྐྱོབ་དེ་ཡིན། རྒྱལ་ཁབ་ཀྱིས་ངེད་ཚོར་རོགས་རམ་དེ་ལྟ་བུ་གནང་བས་ང་ཚོས་ནམ་ཡང་དྲིན་ཚོར་གྱི་བསམ་པ་འཆང་དགོས”ཞེས་བཤད།

    ཁོང་གིས་སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མེད་ལ་འཚོ་བར་ཡང་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། མི་སེར་གྱི་བདེ་སྡུག་ཆེད་རྒྱལ་ཁབ་ཀྱིས་དཀའ་ངལ་ཁྱད་དུ་བསད་དེ་གནམ་གྲུ་བཏང་ནས་རོགས་སྐྱོབ་གནང་བ་རེད། ད་ཆ་ལམ་ཤར་གཏོང་ཐུབ་སྟབས་རོགས་སྐྱོབ་སྟོབས་ཤུགས་འཕྲལ་མ་ཉིད་དུ་འབྱོར་གྱི་འདུག“གནམ་སའི་བར་འགྱུར་བ་མེད་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངེད་ཚོ་མི་སེར་ལ་འཆང་བའི་ཐུགས་བརྩེ་དེ་རེད”ཅེས་པའི་བགྲེས་སོང་འཛོམས་རྒྱལ་གྱི་སྐད་ཆ་དེ་བབ་ཆགས་ལ་དོན་སྙིང་ལྡན་པ་ཞིག་འདུག

    མུན་རུབ་པ་དང་སྦྲ་གུར་ནང་གློག་འོད་ཆེམ་ཆེམ་འཕྲོ་བཞིན་མཆིས། དེ་ནི་རྩྭ་ཐང་སྟེང་གི་ཁྱིམ་གཞིས་རེ་རེ་རེད་ལ། གཞུང་ལམ་ཐོག་རོགས་སྐྱོབ་རླངས་འཁོར་བར་མི་ཆད་པ་དེ་ནི་རྒྱལ་ཁབ་ཀྱིས་གེགས་ཁུལ་ལ་ཕྱོགས་པའི་སྟོབས་ཤུགས་རེད།

    ས་ཡོམ་ཁྲོད་གཏོར་བཤིག་ཐེབས་པའི་ས་གཞི་དེའི་སྟེང“ཁྱིམ”གྱི་དྲོ་སྐྱིད་དེ“རྒྱལ་ཁབ” ཀྱིས་སྲུང་སྐྱོང་བྱས་པ་ལས་དེ་བས་ཚ་སོབ་སོབ་ཏུ་གྱུར་པ་དང“རྒྱལ་ཁབ”ཀྱི་སྟོབས་ཤུགས་དེ“ཁྱིམ”གྱི་ཡིད་ཆེས་ལས་དེ་བས་ཤུགས་དྲག་ཆེ་རུ་སོང་ཡོད། སྦྲ་ཆེན་གྱི་རྩྭ་ཐང་སྟེང་ཕན་ཚུན་ལྟ་སྐྱོང་དང་དུས་ངལ་མཉམ་སེལ་བྱེད་པའི་སྟོབས་ཤུགས་དེ་ལས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་གྱི་སྒུལ་ནུས་ཆེན་པོ་གཅིག་ཏུ་བསྡུས་ཏེ། བོད་བྱང་ཐང་གི་བུ་ཕྲུག་དང་མེས་རྒྱལ་མ་ཡུམ་གྱི་སེམས་པ་གཅིག་ཏུ་སྦྲེལ་བའི་མི་སེམས་འགུལ་བའི་ལེའུ་རྩོམ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།