མི་ཡུལ་བརྩེ་བས་ཁེངས། སྦྲ་ཆེན་སྐྱོ་མི་དགོས།
བོད་བྱང་ཐང་དུ་གྲང་རླུང་འུར་འུར་དུ་ལྡང་ནའང་ས་ཕྱོགས་ཀུན་གྱི་མི་རྣམས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་བྱེད་ཀྱི་ཡོད།
“ང་ཚོས་མ་གནས་ལ་བསམ་བློ་གཏོང་གི་མེད། འདི་ནི་འགན་འཁྲིའི་གནད་དོན་ཞིག་རེད” ལོ་14ལ་བོད་དུ་བསླེབས་ནས་ས་ཆ་དེ་གར་འཚར་ལོངས་བྱུང་བའི་ལུའོ་ཆིང་པིན་གྱིས“འདི་ནི་ཁེ་བཟང་ཡོད་མེད་དང་མ་རྩ་ལྷོགས་མིན་དང་འབྲེལ་བ་མེད། བསྒྲུབ་དགོས་ངེས་ཡིན་ན་ངེས་པར་དུ་སྒྲུབ་དགོས”ཞེས་བློ་ཐག་ཆོད་པོས་བཤད། “ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གཉིས་པར། ལུའོ་ཆིང་པིན་གྱིས་གཉེར་སྐྱོང་བྱེད་བཞིན་པའི་སོག་རྫོང་པུའོ་ཞང་རུན་དབྱི་ཧྭ་ཏུའུ་གསོལ་མགྲོན་ཁང་ཆེན་མོས་འཕྲེད་འགེལ་སྦྱར་ཡིག་བཀལ་ནས་རོགས་སྐྱོབ་ལས་དོན་ལ་ཞུགས་མཁན་ཚང་མར་རིན་མེད་ཟ་སྡོད་མཁོ་འདོན་བྱས་ཤིང་། མི་ཁ་ཤས་ཀྱིས“མ་རྩ་རྡིབ་པར་མི་སྐྲག་གམ”ཞེས་དྲིས་པར། ལུའོ་ཆིང་པིན་གྱིས་དགོད་བཞིན་དུ“མ་རྩ་བརྡིབས་ཀྱང་གནས་སྐབས་ཙམ་རེད”ཅེས་བཤད།
“ང་ཚོའི་འདི་གར་ཆུ་ཚོད་24རིང་ཁ་ལག་ཚ་པོ་ཡོད། མི་འདང་ན་ཁ་སྣོན་རྒྱག་ཆོག་གི་རེད” “མཚན་གུང་ཆུ་ཚོད་དང་པོ་གཉིས་པར་ཡོང་དགོས་བྱུང་ཡང་ལམ་སེང་ལངས་ནས་ཁ་ལག་བཟོས་ཆོག”ཅེས་ཞབས་ཞུ་བ་ལིའུ་ཤིན་ཁྲོན་གྱིས་ཐེངས་མང་བཤད། མ་བྱན་ལིའུ་ཞའོ་ཏིང་གིས་ཁ་ལག་བཟོ་ཞོར“ཁོང་ཚོས་ཁ་ལག་ཞིམ་མདོག་གིས་ཟ་བ་མཐོང་སྐབས་ང་ཚོ་དགའ་ཚོར་ཆེན་པོ་ཡོང་གི་འདུག”ཅེས་བཤད།
མི་ཁ་ཤས་ཀྱིས་ཉིན་མཚན་མེད་པར་ཐབ་ཚང་ནས་ཁ་ལག་ཚ་པོ་བཟོས་ཏེ་རོགས་སྐྱོབ་བྱེད་པར་ཡོང་མཁན་ལས་དོན་པ་ཚོར་སྤྲོད་ཀྱི་ཡོད་པ་རེད།
ཚེས་24ཉིན་དམར་རུ་ཤང་གི་རིན་ཆེན་བཟང་པོས་འཛུམ་དམུལ་དམུལ་ངང་གསར་འགོད་པར“དགོང་ཟས་ཟ་བར་ཁྱེད་རང་ལ་གདམ་ག་གསུམ་ཡོད། འདི་གའི་བོད་ཐུག་དང་། བཅིངས་འགྲོལ་དམག་མིས་བཟོས་པའི་ཁ་ལག ད་དུང་གཅེས་སེམས་ལྡན་པའི་ཨ་ཁུ་ཨ་ཅག་ཚོས་བཟོས་པའི་ཅའོ་ཙེ་བཅས་ཡོད”ཅེས་བཤད། ཚེས་26ཉིན། ཤིན་ཅང་ནས་ཡོང་བའི་ཨ་ཁུ་ཨཱ་ལི་མུའུ་ཡིས་དབུགས་རྡིག་བཙུགས་ནས་ཞིམ་མངར་ལྡན་པའི་ཟ་མ་བཟོས་པ་དང་། མཚོ་སྔོན་ནས་ཡོང་བའི་འཐེན་ཐུག་བཟོ་མཁན་གྱིས་མཚན་མོ་དེ་རང་དུ་ཐབ་བཙུགས་ནས་ཚགས་ཤའི་ཐུག་པ་བཟོས། ཧོ་ནན་གྱི་འཕྱོ་གཡེང་ཨ་ཕོ་ཡིས་ཆུ་ཚོད་40ཙམ་བསྐྱོད་དེ་བཀོད་སྒྲིག་བྱ་ཡུལ་དུ་ཧོ་ནན་གྱི་མཉམ་བསྲེས་ཐུག་པ་བཟོས་པ་སོགས་ཟས་རིགས་སྣ་ཚོགས་ཡོད་པས་དེ་གའི་ཁ་ལག་གི་གདམ་ག་སྔ་ས་ནས་སྣ་ཁ་གསུམ་ལས་བརྒལ་ཡོད།
ཟླ་10ཚེས་25ཉིན། ནག་ཆུ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་སྦྲ་ཆེན་ས་ཡོམ་གྱི་ཞལ་འདེབས་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། ཞལ་འདེབས་ཁག་2755ཡི་ནང་དངུལ་སྒོར་བརྒྱ་ཕྲག་སྟོང་ཕྲག་ཕུལ་མཁན་ཡོད་ལ་དངུལ་སྒོར་གཅིག་རེ་གཉིས་རེ་དང་བཅུ་རེ་ཕུལ་མཁན་ཡང་མང་པོ་ཡོད། དངུལ་དེ་དག་ནི་ཕྲུ་གུའི་ལག་དངུལ་ཡིན་སྲིད་ལ་ལས་ཀར་འགྲོ་མཁན་ཚོའི་བདལ་གླ་དང་ཡང་ན་མི་དཀྱུས་མ་ཚོས་གྲོན་ཆུང་བསྲི་ཚགས་བྱས་པའི་གྲོན་དངུལ་ལྷག་འཕྲོ་ཡིན་ཡང་སྲིད། དངུལ་མང་པོ་མེད་ཀྱང་སེམས་པའི་མཚོན་བྱེད་རེད། ཞལ་འདེབས་རྒྱག་ཐེངས་རེ་རེས་གེགས་ཁུལ་མང་ཚོགས་ལ་བཅངས་པའི་བརྩེ་སེམས་མཚོན་ཡོད།
ཡོམ་ཁུལ་གྱི་ས་ཡུལ་དངོས་སུ་ག་དུས་ཡིན་ཡང་བཟའ་བཏུང་སྐྱེལ་མཁན་ཡོད།
གྲང་རླུང་འུར་འུར་དུ་ལྡང་ཡང་། མི་སེམས་ལ་དྲོ་སྐྱིད་ཀྱིས་ཁེངས་ཡོད། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པ་ནི་འབོད་ཚིག་ཙམ་གཏན་ནས་མིན། མི་རིགས་ཁག་དང་། ལས་རིགས་ཁག ས་ཁུལ་ཁག་གི་མི་མང་པོ་སྦྲ་ཆེན་དུ་ཡོང་ནས་ཁ་ལག་གཡོས་སྦྱོར་བྱེད་པ་དང་ཡང་ན་གཏེར་ཆུ་སོགས་བསྐྱལ་ཏེ། བབ་ཆགས་ཤོས་ཀྱི་བྱེད་ཐབས་ལ་བརྟེན་ནས་ས་ཆ་དེར་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།