དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྦྲ་ཆེན་རྫོང་གི་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པའི་བགྲེས་སོང་མར་ཏོག་གིས་བརྗོད་དོན།

    “ང་རང་དྲག་སྐྱེད་ཡག་པོ་བྱུང་འདུག”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-28

    ད་ལོ་ལོ་80ལ་སླེབས་པའི་བགྲེས་སོང་མར་ཏོག་ནི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་སྐམ་ལུང་རྒལ་གྲོང་ཚོ་ནས་རེད། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0རྒྱག་སྐབས་སྟབས་མ་ལེགས་པར་ཁོང་ལ་རྨས་སྐྱོན་ཕོག་སྟེ་རྩིབ་མ་གཡོན་མ་ཆག་པ་མ་ཟད་བྲང་ཁོག་ཏུ་ཆུ་བསགས་ཡོད་པ་རེད། སོག་རྫོང་མི་དམངས་སྨན་ཁང་གིས་བགྲེས་སོང་ཁོང་མྱུར་སྐྱོབ་བྱས་རྗེས་རང་སྐྱོང་ལྗོངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ།

    དེ་ཡང་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། བགྲེས་སོང་མར་ཏོག་བླུགས་པའི་མྱུར་སྐྱོབ་རླངས་འཁོར་ཐོན་མ་ཐག་རང་སྐྱོང་ལྗོངས་སྨན་ཁང་གི་འབྲེལ་ཡོད་ཚན་ཁག་གིས་གྲ་སྒྲིག་ཨང་བསར་བྱས་ནས་བསྡད། ཆུ་ཚོད་8ཙམ་བསྒུགས་ནས་སྡོད་རིང་སྨན་ཁང་དེའི་སྨན་པས་སྨན་ཁང་དུ་སྐྱེལ་བར་ཡོང་མཁན་སྨན་པ་ལི་ཀྲེ་ཀུའེ་དང་འབྲེལ་བ་ཡང་ཡང་བྱས་ཏེ་ནད་པའི་ནད་གཞི་དང་ཚེ་སྲོག་ལུས་རྟགས་ཤེས་པར་བྱས། ནད་པ་སྨན་ཁང་དུ་འབྱོར་རྗེས་ལམ་སེང་རྩིས་སྤྲོད་རྩིས་ལེན་བྱས་པ་མ་ཟད་ནད་པའི་གཟུགས་པོའི་གནས་ཚུལ་ལ་འདྲི་རྩད་ཞིབ་ཕྲ་བྱས་པ་རེད།

    བགྲེས་སོང་མར་ཏོག་གི་རྨས་སྐྱོན་ཕོག་པའི་གནས་ཚུལ་དང་། གཟུགས་པོའི་ཆ་རྐྱེན། དེ་བཞིན་སེམས་ཁམས་གནས་ཚུལ་བཅས་ལ་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་བཅད་པ་བརྒྱུད། “མི་རེར་ཐབས་ཇུས་རེའི”སྐྱོབ་བཅོས་བླང་བྱ་གཞིར་བཟུང་། སྨན་ཁང་གིས་རང་སོའི་ཁྱད་ཆོས་ལྡན་པའི་ཕྱོགས་བསྡུས་ནད་བརྟག་སྨན་བཅོས་ཇུས་གཞི་བཟོས་ནས་བགྲེས་སོང་མར་ཏོག་དབུགས་ལམ་དང་ཉེན་ལྕིའི་ནད་ཀྱི་གསོ་རིག་ཚན་ཁག་གི་ནད་ཁང་དུ་བསྐྱལ་བ་རེད།

    ཉིན་གཉིས་པའི་སྔ་དྲོར། གཙོ་བཅོས་སྨན་པས་ནད་ཁང་བཤེར་སྐབས་བགྲེས་སོང་མར་ཏོག་གི་ནད་གཞི་དྲག་སྐྱེད་གང་ཙམ་བྱུང་ནས་གྲུང་ཤ་དོད་དུའང་ཕྱིན་ཡོད་པ་དང་། སྐད་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ཙོག་པུར་བསྡད་དེ་ཁ་ལག་ཟ་ཐུབ་ཀྱི་ཡོད་པ་བཅས་མཐོང་བས། ཚང་མའི་སེམས་པ་གཞི་ནས་ལྷོད་ལ་བབས།

    ཉིན་ཤས་རིང་། རང་སྐྱོང་ལྗོངས་སྨན་ཁང་གིས་རུས་ནད་ཚན་ཁག་དང་། བྲང་ཕྱིའི་ཚན་ཁག སྙིང་ནད་ཚན་ཁག་སོགས་རིག་ཚན་མང་པོའི་ཚོགས་པས་དུས་བཀག་ནད་བརྟག་སྨན་བཅོས་དང་མཉམ་དུ་ནད་དཔྱད་བྱེད་པའི་ལམ་སྲོལ་དོན་འཁྱོལ་གྱིས་བགྲེས་སོང་མར་ཏོག་གི་སེམས་ཁམས་ལ་དོ་ཁུར་ཆེན་པོ་བྱེད་པ་དང་འབྲེལ། སེམས་གསོ་ཡང་བཏང་བས། བགྲེས་སོང་མར་ཏོག་རིམ་བཞིན་དྲག་སྐྱེད་ཡོང་བཞིན་ཡོད་པ་རེད།

    བགྲེས་སོང་མར་ཏོག་གི་ཚ་བོ་ཨ་དཀར་སྨན་ཁང་དུ་ཁོང་སྐྱེལ་བར་ཡོང་ཡོད་ལ་ནད་གཡོག་རྒྱུག་ནས་སྡོད་རིང་བགྲེས་སོང་མར་ཏོག་ལ་སྐྱོབ་བཅོས་ཇི་ལྟར་བྱས་པ་ཁོང་གིས་མཐོང་ཡོད། ཨ་དཀར་ཞག་མ་འགའ་ཤས་ཉལ་རྒྱུ་བྱུང་མེད་མོད། འོན་ཀྱང་རང་གི་ཨ་ནེ་ཉེན་ཁ་ལས་ཐར་ཏེ་དྲག་སྐྱེད་བྱུང་བཞིན་པ་མཐོང་དུས་ཨ་དཀར་གྱི་སེམས་པ་ལྷོད་ལ་བབས་ཡོད་པ་རེད། “སྨན་པ་དང་ནད་སྐྱོང་བ་ཚང་མ་ཞིབ་ཚགས་པོ་འདུག སྨན་བཅོས་ཐད་ཡིན་ནའང་འདྲ། འཚོ་བའི་ཐད་ཡིན་ནའང་འདྲ། ཚང་མར་ལྟ་རྟོག་ཡག་པོ་བྱེད་ཀྱི་འདུག་པས་ང་རང་བློ་ཧ་ཅང་བདེ་པོ་བྱུང”ཞེས་ཨ་དཀར་གྱིས་ཤོད་ཀྱིན་སྨན་པའི་ལག་ནས་འཇུས་ཏེ་ཐུགས་རྗེ་ཆེ་ཡང་ཡང་ཞུས།

    བགྲེས་སོང་མར་ཏོག་སྨན་ཁང་བསྒྱུར་ནས་སྨན་བཅོས་བྱེད་པའི་མྱོང་བརྒྱུད་ནི་རང་སྐྱོང་ལྗོངས་སྨན་ཁང་གིས་ཡོམ་འགོག་གེགས་སེལ་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། ས་ཡོམ་བརྒྱབ་རྗེས་སྨན་ཁང་དེས་ལམ་སེང་འཕྲལ་སྡོམ་སྐྱོབ་བཅོས་བྱ་ཐབས་ལག་ལེན་བསྟར་འགོ་ཚུགས་ཤིང་། དེ་ཡང་སྨན་བཅོས་རོགས་སྐྱོབ་རུ་ཁག་མགྱོགས་མྱུར་བཙུགས་ནས་གནོད་འཚེ་ཕོག་ཁུལ་གྱི་ས་ཡུལ་དངོས་ལ་རོགས་སྐྱོར་བྱེད་པར་བསྐྱོད་པ་དང་སྦྲགས་ཉེན་ལྕིའི་རྨས་མ་བརྒྱུད་འདྲེན་གྱི་བགྲོད་ལམ་གཏོད་པ་དང་། ཉེན་ལྕིའི་ནད་པའི་ལྟ་སྐྱོང་ཉལ་ཁྲི་སྔོན་ནས་ཉར་བ། རྨས་མ་ཚབས་ཆེན་ཉར་བའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། ས་མཐོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་ལ་སེམས་ནུས་ཡོད་རྒུ་བཏོན་དང་འདོན་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།