དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གནས་སྐབས་ཉེན་དོན་ཁང་གིས་གེགས་ཁུལ་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-28

    ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་རྗེས་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གྲོང་ཁྱེར་སྤྱི་བདེ་ཅུས་དང་། དེ་བཞིན་སོག་རྫོང་དང་། འབྲི་རུ་རྫོང་། སྦྲ་ཆེན་རྫོང་བཅས་ཀྱི་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པ་530ལྷག་ཙམ་སྔ་རྗེས་སུ་གནོད་འཚེ་ཕོག་ཁུལ་གྱི་འཐབ་ས་དང་པོར་འཚོལ་སྐྱོབ་བྱེད་པར་སྤྱི་འདོམས་བཀོད་སྒྲིག་བྱས། མིག་སྔར་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་གནས་སྐབས་སྦྲ་གུར་ནང་བཀོད་སྒྲིག་བྱས་ཡོད། ས་ཡུལ་དངོས་སུ་བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཀྱི་བློ་འདྲི་དང་རོགས་སྐྱོབ་དང་ལེན་དང་། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ། བཀོད་སྒྲིག་བྱ་ཡུལ་ལ་ཆུ་ཚོད་24ཡི་རིང་སྐོར་གཡེང་ལྟ་སྲུང་བཅས་བྱེད་པ་དེ་རོགས་སྐྱོབ་ལ་ཞུགས་མཁན་མི་དམངས་ཉེན་རྟོག་པའི་ལས་ཀ་གལ་ཆེན་ཞིག་ཏུ་གྱུར་ཡོད། དོན་དངོས་ཐོག་ལས་དོན་དེ་དག་རོགས་སྐྱོབ་མི་དམངས་ཉེན་རྟོག་པ་འབྱོར་བའི་ཉིན་ནས་བཟུང་སྤེལ་འགོ་ཚུགས་ཤིང་། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཡོམ་ལྟེའི་ཁུལ་གྱི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་གནས་སྐབས་ཉེན་དོན་ཁང་དུས་ཐོག་ཏུ་བཙུགས་པ་མ་ཟད། ས་ཡུལ་དངོས་སུ་རོགས་སྐྱོབ་ལ་ཞུགས་པའི་ཉེན་རྟོག་པའི་རིགས་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས། བདེ་འཇགས་དང་ཁྲིམས་ལུགས་སོགས་ཉམས་མྱོང་ཕུན་སུམ་ཚོགས་པའི་རིགས་མི་འདྲ་བའི་སྡེ་ཚན་གྱི་མི་དམངས་ཉེན་རྟོག་པ་བདམས་ཏེ་གནས་སྐབས་ཉེན་དོན་ཁང་དུ་ལས་དོན་སྤེལ་བར་མངགས། མིག་སྔར་གནོད་འཚེ་ཚབས་ཆེན་ཕོག་པའི་དམར་རུ་ཤང་དང་གངས་ཆེན་ཤང་སོགས་ཡོམ་ལྟེའི་ཁུལ་གྱི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་གནས་སྐབས་ཉེན་དོན་ཁང་36བཙུགས་ཡོད།

    དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོའི(གྲོང་ཚོ་གཉིས་པ)མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་སྔར་བཞིན་བྲེལ་བརྩོན་ཆེ་བའི་རྣམ་པས་ཁེངས་ཤིང་། ཨ་མ་རྒན་མོ་གཡུང་དྲུང་གིས་འཚོ་བའི་དངོས་ཟོག་བླངས་ནས་ཕྱིར་ལོག་སྐབས་གུར་མང་པོའི་དཀྱིལ་དུ་ལམ་ནོར་ཐེབས། “ཉེན་རྟོག་པ་ལགས། ང་སྡོད་སའི་གུར་རྙེད་ཀྱི་མི་འདུག”ཅེས་ཨ་མ་རྒན་མོས་གློག་འོད་ཆེམ་ཆེམ་འཕྲོ་བའི་ཉེན་དོན་ཁང་ཡོད་སར་ཡོང་ནས་སྐོར་གཡེང་གྲལ་བཤེར་དང་ཆ་འཕྲིན་གྱི་ཐོ་འགོད་བཞིན་པའི་མི་དམངས་ཉེན་རྟོག་པ་ཞུས་ལེང་ལ་རོགས་རམ་བྱེད་རོགས་ཞུས། ཞུས་ལེང་གིས“ཨ་མ་ལགས། དངངས་འཚབ་མ་གནང་། ངས་ཁྱེད་རང་བསྐྱལ་ཆོག”ཅེས་བརྗོད་ཀྱིན་ཨ་མ་རྒན་མོའི་ས་ནས་དངོས་ཟོག་བླངས་ནས་ཁོང་སྐྱོར་བཞིན་རྒན་མོ་སྡོད་སའི་གུར་གྱི་ཕྱོགས་སུ་བསྐྱོད། གུར་ནང་སྡོད་མཁན་གྱི་ཁྱིམ་བདག་སུ་ཡིན་པ་དང་། མི་ག་ཚོད་ཡོད་མེད། རྒན་རྒོན་དང་ཕྲུ་གུ་ཡོད་མེད་སོགས་ཀྱི་གནས་ཚུལ་དག་ཁོང་ཚོས་སྤྱིར་ན་གསལ་པོ་ཤེས་ཀྱི་ཡོད། ཞུས་ལེང་གིས། ཉིན་གང་བཀོད་སྒྲིག་བྱ་ཡུལ་གྱི་གུར་ཚང་མར་རེ་རེ་བཞིན་ཐོ་འགོད་དང་འདྲི་རྩད་ཡང་ཡང་བྱས་ནས་མང་ཚོགས་ལ་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་དང་གནད་དོན་གཙོ་གནད་ཐོག་ཤེས་རྟོགས་བྱེད་ཀྱི་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།