དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུན་ནན་གྱིས་མི་རིགས་ཁག་ཐུན་མོང་འབྱོར་ཕྱུག་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ།

    ལག་གདང་སེམས་སྦྲེལ་གྱིས་མཉམ་དུ་འཚོ་བ་ཡག་པོ་སྐྱེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱང་ཧའོ། ཀྲང་ཁྲེ།   |     སྤེལ་དུས།  2026-10-28

    སྟོན་དུས་སུ་ཡུན་ནན་ཞིང་ཆེན་ཐེང་ཁྲུང་གྲོང་ཁྱེར་ཆིང་ཧྲུའེ་གྲོང་རྡལ་སན་ཅ་གྲོང་ཚོའི་ཀྲུང་ཀྲའེ་སི་མོ་ལ་དབའ་རིགས་གྲོང་ཚོར་གླུ་གར་དང་འགྲོགས་ནས་ཤིང་རྔའི་སྒྲ་ལྷང་ལྷང་དུ་གྲགས་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཡུལ་སྐོར་བ་མང་པོ་ཡོད།

    “སི་མོ་ལ”ནི་དབའ་སྐད་དུ་བདེ་སྐྱིད་ཀྱི་དོན་ཡིན། འོན་ཀྱང་སྔོན་ཆད་ཡུལ་མི་ཚོ་ཐ་ཞིང་ལ་བརྟེན་ནས་ལྟོ་གོས་འཕྱིད་ཐབས་བྱེད་ཀྱི་ཡོད། དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་སི་མོ་ལ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་2017ལོར་དབུལ་ཞྭ་ཕུད་ཡོད།

    2020ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་མོ་ལ་གྲོང་ཚོར་ཕེབས་ནས། “བདེ་སྐྱིད་ལྡན་པའི་དབའ་རིགས་གྲོང་ཚོ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱེད་དགོས”ཞེས་གསུངས། “ཏང་ཡོན་ལས་བྱེད་པས་ཡུལ་མིའི་སྣེ་ཁྲིད་དེ‘ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་པ’དང་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུའི་སེམས་ཐག་བཅད་ཡོད”ཅེས་ཆིང་ཧྲུའེ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་དེ་སྔའི་སན་ཅ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲའོ་ཅ་ཆིང་གིས་བཤད།

    2020ལོའི་ཟླ་6པར། སན་ཅ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་ཐེང་ཁྲུང་གྲོང་ཁྱེར་ཆིང་ཧྲུའེ་སི་མོ་ལ་བདེ་སྐྱིད་དབའ་ཤང་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཏང་རྩ་འཛུགས་དང་། ཀུང་སི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་རྣམ་པ་འཚོལ་ཞིབ་བྱས་པ་དང་། མཉམ་ལས་ཁང་ནི་སི་མོ་ལ་གྲོང་ཚོའི་ཡུལ་མི་ཡོངས་མ་རྐང་ལ་ཞུགས་ནས་བཙུགས་པ་དང་། ལོ་མཇུག་ཏུ་ཡོང་འབབ་གཅིག་གྱུར་བགོ་འགྲེམས་རྒྱག་གི་ཡོད་པ་རེད། བེད་མེད་ས་ཞིང་དང་ཁང་པ་གཅིག་གྱུར་བརྒྱུད་བཤུག་བཏང་ནས་སྣ་མང་ལས་རྣམ་བཏོད་ཡོད། རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་བྱས་པ་དང་བསྟུན་ནས་གྲོང་མི་ཁག་གཅིག་ལས་མིར་གྱུར་པ་དང་ཁག་གཅིག་གིས་ཚོང་ཁང་ཆུང་ཆུང་བཙུགས་ཡོད།

    ཞིང་ལས་ཁྱད་ལྡན་ཐོན་རྫས་འཚོང་བའི་ཁྲོམ་གཞུང་ཞིག་ཏུ་དབའ་རིགས་ཀྱི་ཡུལ་མི་ཀྲའོ་ཅ་ཧྥང་གིས་འཛུམ་དམུལ་དམུལ་ངང་ཡུལ་སྐོར་བར་སིལ་ཟས་ཀྱི་བྲོ་བ་མྱོང་དུ་འཇུག་གི་འདུག ཁོང་གིས“ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པས་ང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་འདུག”ཅེས་བཤད།

    2026ལོའི་ལོ་འགོ་བར། སི་མོ་ལ་གྲོང་ཚོའི་མཉམ་ལས་ཁང་གིས་ཡུལ་མིར་ཡོང་འབབ་བགོ་འགྲེམས་ཐེངས་6བསྟུད་མར་བརྒྱབ་པར་རིམ་རྩིས་བརྒྱབ་ན་སྒོར་ཁྲི་138.3ཟིན་ཡོད།

    མཐའ་དར་དམངས་ཕྱུག་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱུང་བ་དང་བསྟུན་ནས། ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་བ་ཟབ་མོ་ཡུན་ནན་མཐའ་མཚམས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ནང་མཉམ་འདྲེས་ཐུབ་ཡོད།

    ཉིན་གུང་གི་རྗེས་སུ་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་མོང་ཧའེ་རྫོང་ཏ་ལུའོ་གྲོང་རྡལ་ལུང་ལི་གྲོང་ཚོའི་མཐའ་མཚམས་ཁྲོམ་ར་ཆུང་ངུ་ཞིག་ཏུ་ཏའེ་རིགས་རྨོ་བོ་ལགས་ཀྱིས་བཀོག་མ་ཐག་པའི་ཤིང་འབྲས་ཧོ་ལུང་གོ་དང་པའེ་ཤང་གོ་སྨྱུག་སླེལ་ནང་བླུགས་ཏེ་ཁྲོམ་བཀྱག་ཐོག་གྲལ་འགྲིག་པོར་བསྒྲིགས་འདུག

    “དེ་སྔ་གཙང་པོ་སྒྲོལ་བའི་ཟམ་པ་མེད་སྟབས་འགྲིམ་འགྲུལ་སྟབས་བདེ་མེད་པས་ཚང་མའི་འཚོ་བ་ཡང་ཧ་ཅང་སྐྱོ་པོ་ཡོད”ཅེས་ལུང་ལི་གྲོང་ཚོའི་ཡུལ་མི་ཚོགས་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཡུས་ཨར་ནན་གྱིས་བཤད། 2020ལོར་རིང་ཚད་སྨི་112ཡོད་པའི“དྲིན་ཚོར་ཟམ་པ”ཤར་གཏོང་ཐུབ་པས་གྲོང་ཚོའི“མཐའ་མའི་འགག་གནད”བསལ་ཡོད། ལམ་ཤར་གཏོང་ཐུབ་པས་ཡུལ་མིའི་འགྲོ་སྐྱོད་སྟབས་བདེ་རུ་ཕྱིན་པ་དང་སྦྲགས་ཤིང་འབྲས་ཚོང་ལམ་ཡང་ཤར་གཏོང་ཐུབ་ཡོད། ཡུལ་སྐོར་ཁེ་ལས་ཀྱིས་བབ་བསྟུན་མ་དངུལ་བཏང་བ་ལས་མཐའ་མཚམས་ཡུལ་སྐོར་དང་། ཤིང་འབྲས་དང་སྔོ་ཚལ་འཐུ་བ། བཟའ་བཏུང་དང་དམངས་སྲོལ་གནས་ཚང་བཅས་ཆ་ཚང་བའི་ལས་རྣམ་ཞིག་ཆགས་ཡོད་པ་རེད། 2025ལོར་ལུང་ལི་གྲོང་ཚོའི་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.8ཟིན་ཡོད་པ་རེད།

    ཏ་ལི་གྲོང་ཁྱེར་དབན་ཆའོ་གྲོང་རྡལ་ཀུའུ་ཧྲེང་གྲོང་ཚོར་འབྲས་ཞིང་སེར་པོར་གྱུར་ཡོད་པ་དང་། པའེ་རིགས་ཀྱི་ཡུལ་མི་ཧོ་ལི་ཁྲེང་གིས་ཡུལ་མི་སྒྲིག་འཛུགས་བྱས་ནས་བརྔ་བསྡུ་བྱེད་བཞིན་འདུག ད་ལོ་ཁོང་གིས་སྐྱེ་ཁམས་འབྲས་ཞིང་མུའུ་500ལྷག་ཙམ་འདེབས་འཛུགས་བྱེད་རྒྱུའི་འགན་གཙང་བླངས་པར་མུའུ་རེའི་ཐོན་འབབ་མཐོ་ཤོས་སྤྱི་རྒྱ་820ཙམ་ཟིན་གྱི་ཡོད། “སྐྱེ་ཁམས་འདུ་ཤེས་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་ཞིང་ཁ་བཏབ་ཚེ་ཨེར་ཧའེ་མཚོ་སྲུང་སྐྱོང་ཐུབ་པ་མ་ཟད། ཐོན་འབབ་ཀྱང་ལེགས་པོ་འདུག”ཅེས་ཧོ་ལི་ཁྲེང་གིས་བཤད།

    ཧོ་ལི་ཁྲེང་ནི་ཨེར་ཧའེ་མཚོ་འགྲམ་དུ་འཚར་ལོངས་བྱུང་བ་དང་། ཁོང་ཉ་པ་བྱེད་མྱོང་བ་མ་ཟད། ཉ་རྫིང་དང་འགྲུལ་ཁང་ཡང་གཉེར་མྱོང་ཡོད། 1996ལོར་ཨེར་ཧའེ་མཚོ་རུ་གཞི་ཁྱོན་ཆེ་བའི་ཆུ་རྩྭ་སྔོན་པོ་ཐོག་མར་སྐྱེས་པས། ཁོང་ཁྱིམ་གྱི་འཕྲུལ་སྒུལ་ཉ་གྲུ་ཁག་ཐེངས་དང་པོར་མེད་པར་བཟོས་པ་དང་། ཕྱིས་སུ་རང་སྐྲུན་ཉ་རྫིང་ཡང་མེད་པར་བཟོས། 2018ལོར་ཨེར་ཧའེ་མཚོ་ལ“ཐིག་གསུམ”དབྱེ་འབྱེད་གཏན་འབེབས་བྱས་པ་དང་། ཁོང་ཁྱིམ་གྱི་ཁང་པ་ཁག་གཅིག་དམར་ཐིག་ནང་ཚུད་པས་ཧོ་ལི་ཁྲེང་གིས་འགྲུལ་ཁང་ཡང་སྒོ་བརྒྱབ་པ་རེད། “ཨེར་ཧའེ་མཚོ་ཡི་མཛེས་ལྗོངས་ནི་ཡུལ་སྐོར་གྱི་རྨང་གཞི་ཁོ་ན་ཙམ་མ་ཡིན་པར། མཚོ་གཅིག་གི་དྭངས་གཙང་ཆུ་ནི་མི་རབས་རྗེས་མའི་ལྟོ་ཕོར་ལྟ་བུ་ཡིན་པ་ཚང་མས་རིམ་གྱིས་ངོས་འཛིན་ཐུབ་ཡོད”ཅེས་ཧོ་ལི་ཁྲེང་གིས་བཤད།

    2019ལོའི་ཟླ་8པ་ནས་བཟུང་། ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཡིས་ཟླ་རེའི་གཟའ་སྤེན་པ་དང་པོ་དེ“ཨེར་ཧའེ་མཚོ་སྲུང་སྐྱོང་ཉིན་མོར”གཏན་འཁེལ་བྱས་ཏེ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཐུན་མོང་ཐོག་ཁྱིམ་གཞིས་གཙང་མ་དང་། ཆུ་འགོ་གཙང་མ། ཞིང་ར་གཙང་མ་བཅས་ཀྱི“གཙང་མ་གསུམ”གྱི་བྱེད་སྒོ་སྤེལ་བ་རེད། “ཨེར་ཧའེ་མཚོ་མོ་དྭངས། ཏ་ལི་དར་ཞིང་རྒྱས”ཞེས་པ་ཚང་ཧྲན་རི་བོའི་འདབས་དང་ཨེར་ཧའེ་མཚོ་འགྲམ་གྱི་མི་རྣམས་ཀྱི་ཐུན་མོང་གི་འདུ་ཤེས་དང་རྒྱུན་གཏན་གྱི་ལག་ལེན་དུ་འགྱུར་བཞིན་ཡོད།

    “ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས་ནང་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་དགོས” རྒྱང་ལམ་གསར་པར་ཡུན་ནན་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ལག་གདང་སེམས་སྦྲེལ་གྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་སྐྱེལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།