དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་གྱི་རོགས་སྐྱོབ་བཀོད་སྒྲིག་ལས་དོན་མུ་མཐུད་སྤེལ་བཞིན་པ།

    ཡུལ་རྣམ་གསུམ་ལས་ཚེ་སྲོག་གོང་དུ་བཀུར་ལུགས་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  པེན་མིན་ཏེ། ཆུང་བདག་སྒྲོལ་དཀར། ཞུས་ཡུས་ཡའོ། ལི་ཧའེ་ཞ།   |     སྤེལ་དུས།  2026-10-27

    ཚེས་25ཉིན་པར་བརྒྱབ་པའི་སྦྲ་ཆེན་རྫོང་དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་སྒྲིག་ཁང་དུ་གློག་སྐུད་ཁྲིད་བཞིན་པ།

    བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་བརྒྱབ་རྗེས་ཉིན་མཚན་བལྟོས་མེད་ཉེན་སེལ་རྒུད་སྐྱོབ་བྱས་ཏེ་དངོས་ཟོག་གཅིག་རྗེས་གཉིས་མཐུད་དབོར་འདྲེན་བྱས། བཅར་འདྲི་བྱེད་རིང་གི་ཡུལ་རྣམ་གསུམ་མིག་ལམ་དུ་མངོན་པ་སྟེ། ལྷབ་ལྷུབ་ཏུ་གཡོ་བའི་ཏང་དར་དང་། གྲང་ངར་ཆེ་བའི་མཚན་མོའི་དྲོ་སྐྱིད། ལམ་བར་གྱི་གློག་སྒྲོན་བཅས་ཀྱིས་བྲེལ་བརྩོན་ཆེ་ལ་གོ་རིམ་ལྡན་པའི་རོགས་སྐྱོབ་བཀོད་སྒྲིག་ལ་བདེན་དཔང་བྱས་ཡོད།

    ལྷབ་ལྷུབ་ཏུ་གཡོ་བའི་ཏང་དར།

    ཡོམ་ཁུལ་དུ་གྲང་རླུང་ཁྲོད་ལྷབ་ལྷུབ་ཏུ་གཡོ་བའི་ཏང་དར་དེ་བས་མངོན་གསལ་དོད།

    དམར་རུ་ཤང་གྲོང་ཚོ་གཉིས་པའི་བཀོད་སྒྲིག་བྱ་ཡུལ་དུ། སྦྲ་གུར་རེ་རེ་བཞིན་གྲལ་སྟར་འགྲིག་པོས་ཕུབ་པ་དང་། སྦྲ་གུར་སྟེང་སྦྱར་བའི་གསལ་རྟོགས་གཱ་ཐོག་ཏུ་སྡོད་མཁན་གྱི་མིང་དང་དེ་མཚུངས་ཀྱི་ལས་བྱེད་པའི་འབྲེལ་གཏུག་བྱེད་སྟངས་གསལ་པོར་བྲིས་ཡོད།

    ཟླ་10ཚེས་25ཉིན་གྱི་ཉིན་དགུང་། ལོ་86ལ་སླེབས་པའི་བགྲེས་སོང་གཡང་འབུམ་སྦྲ་གུར་ནང་ངལ་གསོ་བཞིན་ཡོད་ཅིང་། ཁོང་གི་ཁྱིམ་དུ་སྐྱེས་ནས་ཉིན་10ལས་མ་སོང་བའི་ཕྲུ་གུ་དམར་འབྱར་ཞིག་དང་རྐང་པ་ཆག་པའི་རྒན་འཁོགས་ཤིག་ཡོད་པ་རེད། རོགས་སྐྱོར་འགན་གཙང་ལས་བྱེད་པས་ཉིན་ལྟར་དེ་གར་ཐེངས་འགའ་ཤས་འོང་བ་དང་སྨན་དོན་པས་ཀྱང་དུས་བཀག་ལྟར་བརྟག་དཔྱད་བྱེད་པར་ཡོང་གི་ཡོད། བགྲེས་སོང་གཡང་འབུམ་གྱིས“ཁོང་ཚོས་ངེད་ཚོར་ལྟ་རྟོག་ཡག་པོ་བྱེད་ཀྱི་འདུག”ཅེས་བཤད།

    ཁྱིམ་མཚེས་ཀྱི་སྦྲ་གུར་ནང་ཕྲུ་གུ་ལྔ་ཁྲིད་པའི་ཨ་མ་ཚེ་རིང་གཡང་དར་བསྡད་ཡོད་ཅིང་། ཉིན་འགའི་རིང་རོགས་སྐྱོར་འགན་གཙང་ལས་བྱེད་པས་ཆབ་གདན་དང་འོ་རྩམ་སོགས་མཁོ་ཆས་བསྐྱལ་ཡོད་ཀྱང་། ཚེ་རིང་གཡང་དར་གྱིས་ད་དུང་ཁང་ཁྱིམ་ཞིག་རོའི་འོག་ཏུ་ལུས་པའི་མར་དང་ཚགས་ཤ་སེམས་ལ་འཁོར་བ་དང་ཚོད་ལྟ་ཞིག་བྱེད་སྙམ་ནས་ཁོང་གིས་སྦྲ་གུར་ཐོག་འབྱར་བའི་ཁ་པར་ཨང་གྲངས་དང་འབྲེལ་བ་བྱས་པ་རེད། དུས་ཡུན་རིང་པོ་མ་འགོར་བར་རོགས་སྐྱོར་འགན་གཙང་ལས་བྱེད་པས་ཁོང་གི་བཟའ་ཟླ་ཁྲིད་དེ་ཁོང་གི་ཁྱིམ་དུ་བསྐྱོད་པ་དང་། དེ་རྗེས་མེ་ཟོན་རུ་ཁག་སླེབས་ནས་ཁྱིམ་གྱི་ཞིག་རོའི་འོག་ཏུ་ལུས་པའི་དངོས་རྫས་རེ་རེ་བཞིན་བཏོན་པ་རེད།

    ཏང་ལོ་16ལོན་པའི་སྙན་རོང་རྫོང་མི་དམངས་སྨན་ཁང་གི་སྨན་དོན་པ་ཀྲའོ་ཧུའེ་ཡིས་ས་ཡོམ་བརྒྱབ་པའི་མཚན་མོ་དེ་རང་ལ་ལས་འགན་རྩིས་བླངས་པ་དང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རླངས་འཁོར་ནང་བསྡད་དེ་རྡོག་ཐོན་བྱས་པ་དང་། ཁོང་གིས“འདི་འདྲའི་ཉེན་ཁའི་དུས་སུ་ངེད་ཚོས་གདོང་མཆོང་བྱེད་དགོས་ངེས་རེད”ཅེས་བཤད།

    སྦྲ་ཆེན་རྫོང་གི་ལས་ཁུངས་ཀྱི་ལས་བྱེད་པས་གྲུབ་པའི་ཏང་ཡོན་གདོང་ལེན་རུ་ཁག་གིས་མང་ཚོགས་ལ་ལྟོ་ཆས་བགོ་བཞིན་ཡོད་པ་དང་རུ་མི་ཞིག་གིས“མང་ཚོགས་ལ་དགོས་མཁོ་གང་ཡོད་རུང་ང་ཚོས་ནུས་ཤུགས་ཡོད་རྒུས་སྐོང་ཐབས་བྱེད་ཀྱི་ཡོད”ཅེས་བཤད།

    གྲོང་ཚོ་ཚོགས་ཆུང་ཁག་དང་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་ཏང་ཡོན་མི་རེ་ངོ་རེས་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བཞིན་ཡོད་ཅིང་། སྔོ་ཐིང་ཐིང་གི་ནམ་མཁའ་དང་རབ་དཀར་ཞོ་གསར་སྤུངས་འདྲའི་ཀེ་ལ་ཤའི་གམ་དུ་དམར་མདངས་བཀྲ་བའི་ཏང་དར་དེ་བས་མངོན་གསལ་དོད།

    གྲང་ངར་ཆེ་བའི་མཚན་མོའི་དྲོ་སྐྱིད།

    ཟླ་10ཚེས་25ཉིན། གངས་ཆེན་ཤང་གྲོང་ཚོ་དང་པོའི་བཀོད་སྒྲིག་བྱ་ཡུལ་དུ་རྒྱལ་ཁབ་གློག་དྲ་སྦྲ་ཆེན་རྫོང་གློག་འདོན་ཀུང་སིའི་ཐོན་སྐྱེད་ཚོང་གཉེར་ཁང་གི་གཙོ་གཉེར་བ་གཞོན་པ་སྐལ་བཟང་ཟླ་བ་སྦྲ་གུར་ནང་འཛུལ་འོང་བ་དང་གློག་ཆས་དྲོད་རླངས་སྤར་ནས་དྲོ་སོབ་སོབ་ཏུ་བསྡད་པའི་རྒན་རྒོན་གྱིས་ཁོང་འོང་བ་མཐོང་མ་ཐག་ཡར་ལངས་ཏེ་ཕེབས་བསུ་ཞུས།

    སྐལ་བཟང་ཟླ་བས་དེ་མུར་རྒན་རྒོན་སྐྱོར་ནས“སྤོ་བོ་ལགས་ཁང་པའི་ནང་དྲོ་པོ་འདུག་གམ”ཞེས་དྲིས།

    རྒན་རྒོན་གྱིས་མགོ་བོ་ལྕོག་ལྕོག་ཡང་ཡང་བྱས་པ་དང་། ཁ་ཉིན་དགོང་མོ་སྐལ་བཟང་ཟླ་བས་སྦྲ་གུར་གྱི་གློག་ཞིབ་བཤེར་བྱེད་སྐབས་གུར་གྱི་གཞོགས་ཤིག་ཏུ་རྒན་རྒོན་གྱིས་རྐང་པ་འཕུར་བཞིན་བསྡད་ཡོད་ཅིང་། དེ་ནི་ཁོང་ལ་གྲུམ་བུའི་ནད་ཡོད་སྟབས་གནམ་གཤིས་གྲང་བའི་སྐབས་སུ་རྐང་པར་ན་ཟུག་གཏོང་གི་ཡོད་པ་རེད།

    སྐལ་བཟང་ཟླ་བ་དང་ལས་རོགས་ཀྱིས་དེ་འཕྲལ་གློག་སྐུད་ཁེར་རྐྱང་ཞིག་ཁྲིད་པ་དང་གློག་ཆས་དྲོད་རླངས་ཤིག་བཙལ་ནས། དགོང་མོ་དེ་གར་གློག་སྐུད་ཁྲིད་ཐུབ་པ་རེད།

    ས་ཡོམ་བརྒྱབ་རྗེས་ཁུལ་ཁོངས་ཁ་ཤས་སུ་གློག་ཆད་པ་དང་སྦྲེལ་ཚུགས་628བེད་མེད་དུ་གྱུར།

    ཟླ་10ཚེས་23ཉིན་གྱི་ཆུ་ཚོད་2པར། མྱུར་བཟོའི་རླངས་འཁོར་གེགས་ཁུལ་དུ་འབྱོར། སྐལ་བཟང་ཟླ་བ་དང་ལས་རོགས་ཚོས་གློག་བཞུ་འཁྱེར་ནས་ལམ་བརྒྱུད་དུམ་བུ་རེ་རེ་བཞིན་སྐོར་གཡེང་དང་ཉམས་གསོ་བྱས་མཐར་ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་བརྒྱད་པར་གློག་ཤུགས་གཙོ་བོའི་དྲ་ལམ་དང་གློག་ལམ་ཆ་ཚང་སྐོར་ཞིབ་ཟིན་ནས་སྐྱོན་ཤོར་བ་ཚང་མ་རེ་རེ་བཞིན་བཟོས་པ་རེད།

    འཕྲིན་གཏོང་དྲ་རྒྱ་སླར་གསོ་ཐུབ་པ་སྟེ། ཀྲུང་གོ་སྒུལ་བདེ་སྦྲ་ཆེན་རྫོང་ཡན་ལག་ཀུང་སིའི་ཅིང་ལི་ཀརྨ་འགྱུར་མེད་ཀྱིས་རུ་སྣེ་ཁྲིད་དེ་དམར་རུ་ཤང་དུ་བསྐྱོད་ནས་ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་བཞི་པར་སྐྱོན་ཤོར་བའི་སྒྲིག་ཆས་ཉམས་གསོ་བྱས་ཏེ་འཕྲིན་གཏོང་བརྡ་རྟགས་སླར་གསོ་ཐུབ་པ་རེད།

    ཟླ་10ཚེས་24ཉིན་གྱི་ཆུ་ཚོད་13ཙམ་དུ། ཀྲུང་གོ་སྒུལ་བདེས་སྤྲིན་ཚོམ་དྲ་སྦྲེལ་གཞི་གཅིག་ཅན་གྱི་སྦྲེལ་ཚུགས་ཛ་དྲག་ངང་བཀོལ་སྤྱོད་བྱས་ཏེ་འཐབ་ས་དང་པོར་རོགས་སྐྱོར་བྱས་ནས་ཐག་རིང་འབྲོག་ཁུལ་གྱི་དཀའ་ངལ་མགྱོགས་མྱུར་བསལ་བ་རེད།

    ལམ་བར་གྱི་གློག་སྒྲོན།

    མུན་ནག་ཁྲོད་ཡོམ་ལྟེར་སྐྱོད་པའི་རི་ལམ་དུ་གེགས་སེལ་དངོས་རྫས་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་རེ་རེ་བཞིན་ལམ་དུ་བཞུད་པ་དང་གློག་འོད་བར་མཚམས་མེད་པར་ཆེམ་ཆེམ་དུ་འཕྲོ།

    སྦྲ་ཆེན་རྫོང་དུ་ས་ཡོམ་བརྒྱབ་པ་ཤེས་འཕྲལ། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཚུའེ་ཧྥང་ཧྥང་གིས་འཕྲལ་མ་ཉིད་དུ་དྲ་ཐོག་ནས་དངོས་རྫས་དབོར་རྒྱུའི་མིང་ཐོ་བཀོད། ཁོང་གིས་རིང་ཚད་སྨི་17.5ཡོད་པའི་ཕྱེད་བཀལ་རླངས་འཁོར་ཞིག་ནང་བརྐོ་འདྲུའི་འཕྲུལ་འཁོར་གཉིས་བླུགས་ཏེ་ལྷ་ས་ནས་རྡོག་ཐོན་བྱས།

    ཚུའེ་ཧྥང་ཧྥང་གིས“གཅིག་ཕབ་མ་ཐག་ཡིན། ད་དུང་གཅིག་མདུན་ངོས་སུ་སྐྱེལ་བར་འགྲོ་ཡི་ཡིན། མགྱོགས་ཙམ་སྐྱེལ་ཐུབ་ན་བསམས་ནས་ངལ་གསོ་རྒྱག་ཁོམ་མ་བྱུང”ཞེས་བཤད།

    མཉམ་དུ་འགྲོ་མཁན་བརྐོ་འདྲུའི་འཕྲུལ་འཁོར་གྱི་ཁ་ལོ་བ་ཝང་ལི་ཅུན་གྱིས“ང་ཚོས་དེ་གོང་དིང་རིའི་ས་ཡོམ་དང་སྐྱིད་གྲོང་གི་ཆུ་རུད་གནོད་འཚེར་རོགས་སྐྱོབ་དངོས་རྫས་དབོར་འདྲེན་བྱེད་མྱོང་བས་ཉམས་མྱོང་ཡོད”ཅེས་བཤད།

    ལམ་བུ་དེའི་སྟེང་དེ་འདྲ་བའི་གཏམ་རྒྱུད་ད་དུང་ཧ་ཅང་མང་པོ་ཡོད་ཅིང་། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་མཱ་ཧྥེས་ཚེས་23ཉིན་གྱི་ཕྱི་དྲོ་སྟབས་བདེའི་ཁང་པ་30བླུགས་ཏེ་མཚོ་སྔོན་གོར་མོ་ནས་ཐོན་ནས་ཚེས་25ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པ་ལྷག་ཙམ་དུ་དམིགས་སར་འབྱོར་ཡོད། དངོས་རྫས་ཕབ་པའི་བར་ཁོང་གིས་ཆུ་ཤེལ་དམ་གཉིས་བཏུངས་པ་ལས་ཉིན་གང་ལྟོ་ཆས་གང་ཡང་ཟ་ཁོམ་བྱུང་མེད།

    ཀན་སུའུ་ལན་ཀྲོའུ་ནས་རྡོག་ཐོན་བྱས་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་མུའུ་ཧྲེང་ཅུན་དང་ཀྲུང་ཡན་ཏིང་གིས་རླངས་འཁོར་ནང་རྒུད་སྐྱོབ་ཀྱི་ཁྱིམ་སྤྱོད་སྒམ་500བླུགས་པ་དང་ཁོང་གཉིས་པོས་རེས་མོས་ཀྱིས་རླངས་འཁོར་གཏོང་བཞིན་ལམ་དུ་བཞུད། ཀྲུང་ཡན་ཏིང་གིས“ཁ་ལོ་བ་མང་པོ་ཞིག་གིས་ངེད་ཚོའི་རླངས་འཁོར་སྟེང་གི་གེགས་སེལ་མཚོན་རྟགས་མཐོང་འཕྲལ་རང་འགུལ་ངང་ལམ་གཟུར་བ་་མཐོང་སྐབས་ཀུན་སེམས་གཅིག་ཏུ་སྒྲིལ་བའི་མྱོང་ཚོར་ཟབ་མོ་བྱུང”ཞེས་བཤད།

    ད་ལྟ་ད་དུང་ཟོག་འདྲེན་རླངས་འཁོར་ཆེ་གྲས་མང་པོ་ཞིག་ནང་གེགས་སེལ་དངོས་རྫས་སྣ་ཚོགས་བྱུར་བུར་བླུགས་ནས་གེགས་ཁུལ་དུ་སྐྱོད་བཞིན་ཡོད།

    རླངས་འཁོར་གྱི་གློག་འོད་རེ་རེར་གེགས་ཁུལ་མང་ཚོགས་ཀྱི་སེམས་ཁོང་གི་རེ་བ་འདུས་ཡོད་ལ་མི་ཡུལ་གྱི་གཅེས་སེམས་ཀྱང་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།