མཚོ་སྔོན་དུ“རྒྱལ་མཚོན་མིང་ཅན”གྱི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གཉིས་མང་དུ་སོང་བ།
ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་མིང་ཐོ་ཁག་བརྒྱད་པ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རྩྭ་ཐང་གི་སྐྱས་སྤོའི་མ་ལག་དང་རྨ་ཆུའི་ལྷོ་རྒྱུད་རྩྭ་ཐང་གི་སྐྱས་སྤོའི་མ་ལག་བདེ་བླག་ངང་བདམས་ཐོན་བྱུང་བ་རེད། མིག་སྔའི་བར། མཚོ་སྔོན་གྱི་རྣམ་གྲངས་3ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་མིང་གཞུང་ནང་བཅུག་ཡོད་པ་རེད།
2023ལོར། གཙང་གསུམ་ཆུ་འགོའི་ཆུ་དམར་ལེབ་ཀྱི་མཐོ་གྲང་སྐྱས་སྤོའི་མ་ལག་དེ་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་མིང་གཞུང་ནང་ཚུད་ནས་མཚོ་སྔོན་ཞིང་ཆེན་ལ་ཤུལ་བཞག་དེ་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་རེད། ད་ཐེངས་ཀྱི་སྐྱས་སྤོའི་མ་ལག་ཁག་གཉིས་རྒྱལ་ཁབ་རིམ་པའི་ཞིང་ལས་རིག་གནས་ཤུལ་བཞག་ནང་བདམས་པ་ལས་ས་མཐོའི་སྐྱས་སྤོའི་ཤེས་དཔལ་དང་། རྩ་ཆེའི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པའི་ཐོན་ཁུངས། རྩྭ་ཐང་སྐྱེ་ཁམས་མ་ལག་བཅས་བརྒྱུད་རིམ་རང་བཞིན་གྱི་སྒོ་ནས་སྲུང་སྐྱོང་བྱས་ཏེ་ས་མཐོའི་ཐུན་མོང་མ་ཡིན་པའི་ཡུལ་ལུང་གི་རྩ་བ་སྲུང་འཛིན་བྱ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཚོལ་ཞིབ་བྱ་ཆེད་ཐབས་ལམ་གསར་པ་གཏོད་པ་དང་། ཤུལ་བཞག་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། སྲོལ་རྒྱུན་སྐྱེ་ཁམས་ཀྱི་ལེགས་ཆ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་བ་བཅས་ལའང་ཕན་པ་ཡོད་ཅིང་། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་རྒྱུར་སྐུལ་ཁྲིད་བྱས་ནས་དུས་རབས་གསར་པར་གནའ་བོའི་སྐྱས་སྤོའི་རིག་གནས་ལ་སྐྱེ་སྟོབས་ཀྱི་དཔལ་གསར་པ་འབར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།