གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་བྱ་སྤྱོད་སྤེལ་མཁན་ཞིག་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ཡིས་འཛམ་གླིང་གི་བཀོད་པ་ལེགས་སྒྲིག་གཏིང་ཟབ་བྱེད་པའི་སྐབས་སུ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པ་དང་། ཆེ་བཙན་ཆུང་བརྙས་བསྐྱར་དུ་ཐོན་པའི་སྐབས་སུ། གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་དང་བདེ་འཇགས་མཉམ་སྤྱོད་བྱེད་པར་ཐབས་ལམ་གསལ་པོ་མཁོ་འདོན་བྱས་ཡོད།
ཟླ་10ཚེས་23ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2026ལོའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གླེང་སྟེགས(ཞུང་ཨན)ལ་འཕྲིན་ཡིག་སྤྲིངས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་དོན་སྙིང་གལ་ཆེན་སྔར་བས་གསལ་བཤད་གནང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་འབད་འཐབ་ཁ་ཕྱོགས་གསལ་པོ་བསྟན་པ་ལས། ཀྲུང་གོས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་དེ་བས་གཞུང་དྲང་ལུགས་མཐུན་གྱི་འཛམ་གླིང་བསྐྲུན་འདོད་ཡོད་པའི་འགན་འཁྲི་འཁུར་སེམས་མངོན་ཡོད།
2025ལོའི་ཟླ་9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་གནང་ནས། བཅོས་སྐྱོང་གི་མཚལ་ཡིག་གསབ་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པའི་དུས་རབས་ཀྱི་ཇུས་གཞི་མཁོ་འདོན་གནང་ཡོད། ལོ་གཅིག་ལྷག་ཙམ་རིང་གྲོས་འགོ་གལ་ཆེན་དེར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་160ལྷག་ཙམ་གྱི་རྒྱབ་སྐྱོར་དང་ལེན་ཐོབ་ཡོད་ལ། རྒྱལ་ཁབ་60ལྷག་ཙམ“གོ་ལ་ཧྲིལ་པོའི་བཅོས་སྐྱོང་མཛའ་གྲོགས་ཚོགས་ཆུང”ལ་ཧུར་ཐག་ཞུགས་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་ནང་དོན་གཙོ་བོ་རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ཚོགས་འདུའི་ཡིག་ཆར་བཀོད་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་དུས་རབས་ཀྱི་རིན་ཐང་དེ་བས་མངོན་གསལ་དོད་ཅིང་། ཤུགས་རྐྱེན་ཐེབས་ཤུགས་དང་འབོད་སྐུལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་སྤྱི་པའི་ཐོན་རྫས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་འདོན་མཁན་ཐོག་མ་དེ་རེད་ལ་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་སྤེལ་མཁན་ཞིག་ཀྱང་དེ་བས་རེད། དབུས་ཤར་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་བའི་འདོད་ཚུལ་རབ་དང་རིམ་པ་བཏོན་པ་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་མིག་སྔ་དང་འབྱུང་འགྱུར་གྱི་གྲོས་མོལ་ཁྲོད་དམིགས་བསལ་དང་ཧེ་བག་གི་ཐོབ་ཐང་གསར་པ་མི་འཚོལ་བའི་ཁྱབ་བསྒྲགས་བྱས་པ་དང་། དེ་ནས་རྒྱལ་སྤྱིའི་འདུམ་འགྲིག་ཁང་དང་འཛམ་གླིང་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་སོགས་སྤྱི་པའི་ཐོན་རྫས་གསར་པ་མཁོ་འདོན་ཧུར་ཐག་བྱེད་པའི་བར། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་ཚུན་ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད། རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ནི་ད་ཡོད་ཀྱི་རྒྱལ་སྤྱིའི་མ་ལག་ཉམས་གསོ་དང་འཐུས་སྒོ་ཚང་དུ་གཏོང་བ་ཞིག་དང་དེ་བས་དྲང་གཞག་དང་། བསྟུན་མཁས། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཛམ་གླིང་བསྐྲུན་ཆེད་ལེགས་སྐྱེས་ཕུལ་བའི་ཀྲུང་གོའི་བློ་གྲོས་ཤིག་རེད་ཅེས་བཏོན་ཡོད།
2026ལོའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གླེང་སྟེགས(ཞུང་ཨན)ཧོ་པེའི་ཞུང་ཨན་ཁུལ་གསར་དུ་འཚོགས་ཤིང་། དེ་ནི་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ལག་ལེན་བསྟར་བའི་བྱ་སྤྱོད་གལ་ཆེན་ཞིག་རེད། ཚོགས་ཞུགས་སྐུ་མགྲོན་ཚོས“ཡིད་ཆེས་བསྐྱར་འཛུགས་དང་མཉམ་ལས། ལོ་བརྒྱའི་འཕོ་འགྱུར་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་བསམ་བློའི་སྤེལ་རེས་དང་ལྟ་ཚུལ་ཡང་དག་ཕན་ཚུན་དཔྱད་གཞིར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་ལ་གྲོས་བསྡུར་བྱས་པ་མ་ཟད། མི་ཐབས་རིག་ནུས་དང་། དྲ་རྒྱ། ཕྱི་རིམ་བར་སྣང་སོགས་ཁྱབ་ཁོངས་གསར་པའི་བཅོས་སྐྱོང་ལའང་དོ་ཁུར་བྱས་པ་རེད། ད་ཐེངས་ཀྱི་གླེང་སྟེགས་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་བསམ་བློའི་འདུ་ཚོགས་གཟབ་རྒྱས་ཤིག་རེད་ལ། འཛམ་གླིང་གིས་ཀྲུང་གོའི་བཅོས་སྐྱོང་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་རེད། ཞུང་ཨན་ཁུལ་གསར་དེ་དུས་ཐུང་ལོ་9ཡི་ནང་དར་རྒྱས་ཆེན་པོ་བྱུང་སྟེ་དུས་རབས་གསར་པའི་གསར་གཏོད་མཐོ་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཆགས་བཞིན་ཡོད། གྲོང་ཁྱེར་གཅིག་ནས་ཀྲུང་གོའི་བཅོས་སྐྱོང་གི་རྣམ་པ་མངོན་པ་དང་ཚོགས་ཞུགས་སྐུ་མགྲོན་ཚོས“འབྱུང་འགྱུར་གྱི་གྲོང་ཁྱེར”དེའི་དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ལས་མི་དམངས་གོང་དུ་བཀུར་བ་དང་། ལྗང་མདོག་འཕེལ་རྒྱས། གསར་གཏོད་སྐུལ་སྤེལ། ཡུན་རིང་རིང་ལུགས་སོགས་ཀྲུང་གོའི་བཅོས་སྐྱོང་གི་འདུ་ཤེས་དང་དེ་བཞིན་བཅོས་སྐྱོང་གི་ནུས་ཕྱོད་དེ་བས་ཐད་ཀར་ཚོར་ཐུབ་ཡོད།
ད་ལོ་ནི་ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་55འཁོར་བའི་ལོ་ཞིག་རེད། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོལ་གཏོད་ཚོགས་ཞུགས་རྒྱལ་ཁབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་རེད་ལ། ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན་དང་ལག་ལེན་བསྟར་མཁན་ཞིག་ཀྱང་རེད། ད་ཐེངས་ཀྱི་གླེང་སྟེགས་ཐོག ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཡག་པོ་འཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྱུར་བཅོས་ནང་མུ་མཐུད་གཏིང་ཟབ་ཞུགས་པ། “གོ་ལ་ཧྲིལ་པོའི་བཅོས་སྐྱོང་མཛའ་གྲོགས་ཚོགས་ཆུང”གི་ནུས་པ་ཡག་པོ་འདོན་པ་སོགས་དངོས་སྒྲུབ་བྱ་སྤྱོད་ཁག་8ཁྱབ་བསྒྲགས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་གནས་བབ་ཐུན་མོང་ཐོག་སྲུང་བ་དང་། དྲང་གཞག་དྲང་བདེན་གྱི་རིན་ཐང་དོན་གཉེར་བརྟན་སྲུང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལྷོ་ཕྱོགས་སྟོབས་ཤུགས་ཆེ་རུ་གཏོང་བ། སྒོ་དབྱེ་འཕེལ་རྒྱས་ཀྱི་ཡང་དག་ཁ་ཕྱོགས་མཐའ་འཁྱོངས། གསར་དར་ཁྱབ་ཁོངས་ཀྱི་བཅོས་སྐྱོང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་འབོད་སྐུལ་ཁག་5བཏོན་པ་ལས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་གསལ་པོར་མངོན་པ་མ་ཟད། གོམ་སྟབས་རྗེས་མར་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ཐུན་མོང་ཐོག་དོན་འཁྱོལ་བྱ་རྒྱུར་བྱ་སྤྱོད་ཀྱི་ལམ་རིས་ཁ་གསལ་ཡང་བཟོས་ཡོད།
གོ་ལ་ཧྲིལ་པོའི་བཅོས་སྐྱོང་དོན་གཉེར་བྱེད་པ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བདེ་རྩ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འབད་བརྩོན་ལ་བརྟེན་དགོས། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་ལེན་བསྟར་བ་དང་། གདེང་ཚོད་ལ་བརྟེན་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མཉམ་ལས་ལ་བརྟེན་ནས་དཀའ་གནད་སེལ་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་དེ་བས་མང་བ་བསྣན་ནས། ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་སྐྱོད་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།