དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཕ་རི་སིའི་གྲོས་ཆོད་ཀྱི་མཛའ་གྲོགས”མཐོ་རིམ་གླེང་མོལ་སྐབས་བརྒྱད་པར་ཕྱོགས་མང་གནམ་གཤིས་བཅོས་སྐྱོང་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-27

    ཉེ་ཆར། “ཕ་རི་སིའི་གྲོས་ཆོད་ཀྱི་མཛའ་གྲོགས”མཐོ་རིམ་གླེང་མོལ་སྐབས་བརྒྱད་པ་ཧྥ་རན་སེའི་ཕ་རི་སི་རུ་བྱས་ཤིང་། རྒྱལ་ཁབ་20ལྷག་ཙམ་གྱི་མཐོ་རིམ་འཐུས་མིས་ཕྱོགས་མང་རིང་ལུགས་དང་། ལྗང་མདོག་ཕྱོགས་སྒྱུར། གནམ་གཤིས་མ་དངུལ་བསྡུ་སྒྲིལ་སོགས་ཀྱི་གྲོས་དོན་ལ་དམིགས་ཏེ་སྤེལ་རེས་བྱས་པ་དང་། ཚོགས་འདུ་འདི་ཀྲུང་གོ་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་ཆེད་བསྐོས་ཕོ་ཉ་ཟུར་པ་ཞེ་ཀྲེན་ཧྭ་དང་། ཧྥ་རན་སེའི་གནམ་གཤིས་འགྱུར་ལྡོག་གྲོས་མོལ་ཕོ་ཉ་ཟུར་པ་དང་ཡོ་རོབ་ཀྱི་གནམ་གཤིས་ཐེབས་རྩ་ལྷན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ལའོ་ལུན་སི·ཐུ་པི་ཡཱ་ན་ཡིས་མཉམ་དུ་གཙོ་སྐྱོང་བྱས་པ་རེད།

    ཚོགས་ཞུགས་འཐུས་མི་ཚང་མས། ད་ལོ་ནི《ཕ་རི་སིའི་གྲོས་ཆོད》ལ་མིང་རྟགས་བཀོད་པ་དང་ནུས་པ་ཐོན་ནས་ལོ་ངོ་10འཁོར་བའི་ལོ་རེད། 《ཕ་རི་སིའི་གྲོས་ཆོད》ཀྱི་དམིགས་ཚད་དང་། རྩ་དོན། ལམ་ལུགས་བཀོད་སྒྲིག་བཅས་ལ་འགྱུར་བ་གཏན་ནས་གཏོང་མི་ཉན། མིག་སྔའི་གནད་དོན་གཙོ་བོ་ནི་བྱ་སྤྱོད་སྤེལ་ཉུང་བ་དང་། དོན་འཁྱོལ་ཡག་པོ་མ་བྱུང་བ། རྒྱབ་སྐྱོར་མི་འདང་བ་བཅས་ལ་ཐུག་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཚང་མས། རྒྱལ་ཁབ་ཁག་གིས་སྔར་ཡོད་ཀྱི་གནམ་གཤིས་ཐད་ཀྱི་ཁས་ལེན་ཁག་དོན་འཁྱོལ་གང་མགྱོགས་བྱས་ཏེ། གནམ་གཤིས་བཅོས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ། གོ་ལ་ཧྲིལ་པོའི་རྩིས་བཤེར་ཐེངས་གཉིས་པར་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། འཐུས་མི་ཚོས། གོ་ལ་ཧྲིལ་པོའི་རྒྱལ་ཁབ་133གྱིས་2035ལོར་ཕྱོགས་པའི་རེས་སྐོར་གསར་པའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་འཆར་གཞི་ཕུལ་ཟིན་པ་དང་། རྒྱལ་ཁབ་དང་ས་ཁུལ་130ལྷག་ཙམ་གྱིས་ཐཱན་སྙོམ་མམ་ཡང་ན་ཐཱན་གཙང་སྒྱུར་ཕྱིར་འབུད་ཀྱི་དམིགས་ཚད་བཏོན་ཡོད་ཅེས་བརྗོད་པ་རེད།

    དུས་ཡུན་ཉིན་གཉིས་ཀྱི་གྲོས་བསྡུར་ཁྲོད། ཕྱོགས་ཁག་གིས་ལྗང་མདོག་ཕྱོགས་སྒྱུར་དང་། གློག་ཤུགས་ཅན། གནམ་གཤིས་མ་དངུལ་བསྡུ་སྒྲིལ་སོགས་ཀྱི་གྲོས་དོན་ལ་དམིགས་ཏེ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།