དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《དམར་དམག་རྒྱང་སྐྱོད་ཀྱི་ཡིག་ཚགས་ལོ་རྒྱུས་དཔྱད་གཞི་བདམས་བསྒྲིགས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-27

    ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བ་དང་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཀྲུང་དབྱང་ཡིག་ཚགས་ཁང་གིས《དམར་དམག་རྒྱང་སྐྱོད་ཀྱི་ཡིག་ཚགས་ལོ་རྒྱུས་དཔྱད་གཞི་བདམས་བསྒྲིགས》རྩོམ་སྒྲིག་བྱས་པ་རེད། མིག་སྔར་དཔེ་དེབ་དེ་སློབ་སྦྱོང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་དེ་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

    དཔེ་དེབ་དེའི་ནང་བཀོད་པའི་རྒྱང་སྐྱོད་ཡིག་ཚགས་ཀྱི་ལོ་རྒྱུས་ཡིག་ཆ་གཙོ་བོ་ནི། ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་། དེ་བཞིན་དམར་དམག་དཔུང་རུ་དང་པོ་དང་། གཉིས་པ། བཞི་པ། ཉེར་ལྔ་པ་བཅས་ཀྱི་ཚད་ལྡན་ཡིག་ཆ་ཡིན་ལ། ཏར་འཕྲིན་གཙོ་བོར་བྱས་པ་མ་ཟད། རྒྱང་སྐྱོད་ལམ་གྱི་གསར་བརྗེའི་ལོ་རྒྱུས་ཚགས་པར་དང་དུས་དེབ་ནང་གི་ལོ་རྒྱུས་ཡིག་ཆ་ཉུང་ཤས་བསྡུས་ཡོད།

    ཚད་ལྡན་ཡིག་ཆ་དེ་དག་དམར་དམག་རྒྱང་སྐྱོད་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་དང་། དུས་ཚོད་ཀྱི་གོ་རིམ། ཆེད་དོན་བསྡུ་ལེན་བཅས་ཟུང་འབྲེལ་བྱས་པའི་སྒྲིག་སྟངས་གཞིར་བཟུང་རྩོམ་སྒྲིག་བྱས་པ་དང་། ཆེད་དོན་8དང་ལེ་ཚན་350ཡོད་པའི་ནང་ཡིག་ཚགས་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་མང་ཆེ་བ་ཀྲུང་དབྱང་ཡིག་ཚགས་ཁང་དུ་ཉར་བའི་ཡིག་ཚགས་དཔྱད་གཞིའི་ཡིག་རིགས་ལ་གཞིགས་ནས་པར་བརྒྱབ་པ་དང་། ཉུང་ཤས་ཤིག་དཔེ་སྐྲུན་བྱས་ཟིན་པའི་དཔེ་དེབ་བམ་དཔྱད་གཞིའི་ཡིག་རིགས་ལ་གཞིགས་ནས་པར་བརྒྱབ་པ། ཡིག་ཚགས་ཁག་གཅིག་ཐོག་མར་ཁྱབ་བསྒྲགས་བྱས་པ་བཅས་རེད། དེ་དང་ཆབས་ཅིག་དཔེ་དེབ་དེའི་ནང་ད་དུང་ཀྲུང་དབྱང་ཡིག་ཚགས་ཁང་དུ་ཉར་བའི་ཡིག་ཚགས་དཔྱད་གཞིའི་པར་ཡིག་ཁག་47བསྡུས་ཡོད་པ་རེད།

    དཔེ་དེབ་དེའི་ལོ་རྒྱུས་དཔྱད་གཞིའི་དབང་གྲགས་དང་། རྩོམ་སྒྲིག་མ་ལག ཕུན་སུམ་ཚོགས་པའི་ནང་དོན་བཅས་ལས་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ལམ་བུ་ཇི་མ་ཇི་བཞིན་སླར་གསོ་ཐུབ་ཡོད་ལ། དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་ལོ་རྒྱུས་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པ་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ལ་གསོན་ཉམས་དོད་པའི་གཞི་རྟེན་མཁོ་འདོན་བྱས་པས། སྤྱི་ཚོགས་ཀྱི་རིན་ཐང་དང་། རིག་གཞུང་གི་རིན་ཐང་། རིག་གནས་ཀྱི་རིན་ཐང་བཅས་ཆེན་པོ་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།