ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་མཇུག་འགྲིལ་བ།
ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་དང་གཟེངས་བསྟོད་རྟགས་མ་མང་ཤོས་ཐོབ་པ།
ཉེ་དུས་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་རི་པིན་གྱི་མིང་ཀུའུ་ཝུའུ་རུ་མཇུག་འགྲིལ་བ་རེད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་207དང་། དངུལ་གྱི་རྟགས་མ་117 ཟངས་ཀྱི་རྟགས་མ་111བཅས་ཁྱོན་གཟེངས་བསྟོད་རྟགས་མ་435ཐོབ་པ་དང་། ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་ལྔ་བསྟུད་མར་གསེར་གྱི་རྟགས་མ་དང་གཟེངས་བསྟོད་རྟགས་མ་མང་ཤོས་ཐོབ་ནས་ཕྱི་རྒྱལ་དུ་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།
སྐབས་འདིའི་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ལ་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་པ་312རྣམ་གྲངས་ཆེ་གྲས་17དང་རྣམ་གྲངས་ཆུང་གྲས་335ཡི་འགྲན་བསྡུར་ལ་ཞུགས་པ་དང་། ཆུ་རྐྱལ་དང་། མཆོང་རྒྱུག་འཕེན་གསུམ། རྐུབ་སྟེགས་འཁོར་ལོའི་གྲི་རྩལ། ཕིང་ཕང་སྤོ་ལོ། བྱ་སྒྲོའི་སྤོ་ལོ་སོགས་དགེ་མཚན་ལྡན་པའི་རྣམ་གྲངས་ཐད་ཀྲུང་གོའི་རུ་ཁག་གི་སྟོབས་ཤུགས་མངོན་གསལ་དོད་པས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཡོད། མཉམ་སྡེབ་རྣམ་གྲངས་ཁྲོད་ཀྲུང་གོའི་ལོང་བའི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཐོབ་ནས་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ལ་ཨང་དང་པོ་ཐེངས་གསུམ་པ་དེ་རག་པ་རེད། གཞན་ཡང་། ཀྲུང་གོའི་རུ་ཁག་ལ་ད་དུང་ལོང་བའི་སྒོ་གྲུག་བུད་མེད་ཀྱི་ཚོགས་པ་དང་། རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོའི་བུད་མེད་ཀྱི་ཚོགས་པ། འདུག་སྡོད་རྣམ་པའི་ཕའེ་ཆིའུ་སྤོ་ལོའི་ཚོགས་པ་སོགས་རྣམ་གྲངས་ལ་ཨང་དང་པོ་ཐོབ་ཡོད་པ་རེད།
འགྲན་རའི་ཐོག་ཀྲུང་གོའི་ལུས་རྩལ་པས་འགྲན་སློང་བྱེད་ཕོད་པ་དང་རང་ཉིད་ལས་རྣམ་པར་རྒྱལ་བའི་ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཐོབ་ཡོད། ལྗིད་འདེགས་ལུས་རྩལ་པ་ཚུའེ་ཀྲི་དང་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་སྨི་ནཱ་ཡིས་སྐབས་5བསྟུད་མར་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ནང་ཞུགས་པ་མ་ཟད་གསེར་གྱི་རྟགས་མ་ཡང་ཐོབ་ཡོད། ལོ་30ལ་སླེབས་པའི་ཆུ་རྐྱལ་ལུས་རྩལ་པ་ཀྲང་མོང་ལ་གསེར་གྱི་རྟགས་མ་8ཐོབ་པ་དེ་ནི་སྐབས་འདིའི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་མཁན་མང་ཤོས་ཀྱི་ལུས་རྩལ་པ་ཞིག་ཏུ་གྱུར་ཡོད། ན་གཞོན་བདམས་ཐོན་པ་ཚོས་འགྲན་བསྡུར་ཆེ་མོའི་ཉམས་མྱོང་བསགས་ཡོད་ལ་དངོས་ཤུགས་ཀྱང་བཏོན་ཡོད། འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་ཡིན་པའི་ལོ་18ལ་སླེབས་པའི་ལུས་རྩལ་པ་ཀྲུའུ་ཧུའེ་ལ་ཆུ་རྐྱལ་འགྲན་བསྡུར་ནང་གསེར་གྱི་རྟགས་མ་3ཐོབ་པ་དང་ལོ་19ལ་སླེབས་པའི་ལུས་རྩལ་པ་ཝེ་ཅ་ཡིས་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ནང་ཨེ་ཤེ་ཡའི་ཟིན་ཐོ་བཏོད་པ་དང་འབྲེལ་གསེར་གྱི་རྟགས་མ་གཉིས་ཐོབ་པ་རེད། ལོ་19ལ་སླེབས་པའི་མདའ་འཕེན་ལུས་རྩལ་པ་ཝང་ལི་ཡར་གསེར་གྱི་རྟགས་མ་ཐོབ་པ་རེད།
འབྲེལ་ཡོད་གསར་འགྱུར།