དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སྦྲ་ཆེན་དུ་ཁ་ཚ་དགོས་གཏུགས་ཀྱི་སྒྲིག་ཆས་གསར་པས་ཡོམ་ཁུལ་གྱི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཝུའེ་ཀོན་ཡུས། སྐལ་བཟང་རྣམ་རྒྱལ།   |     སྤེལ་དུས།  2026-10-27

    ཁ་ལག་ཚ་པོ་དང་འཐུང་ཆུ་གཙང་མ་སོགས་ནི་བོད་ལྗོངས་སྦྲ་ཆེན་ཡོམ་ཁུལ་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་དེ་རེད།

    ཟླ་10ཚེས་24ཉིན་སྒུལ་བདེའི་ཟས་འཁོར་དང་ཆུ་གཙང་བཟོའི་ས་ཚིགས་སོགས་ཚུད་པའི་འཕྲལ་སྡོམ་རྨང་གཞིའི་འགན་ལེན་སྒྲིག་ཆས་གསར་པ་ཁག་དང་པོ་དེ་བོད་ལྗོངས་སྦྲ་ཆེན་ཡོམ་ཁུལ་དུ་སྤྱོད་འགོ་ཚུགས་པ་རེད།

    གངས་རིའི་འདབས་སུ་དཀར་དམར་འདྲེས་མའི་བཟའ་བཏུང་འགན་སྲུང་རླངས་འཁོར་ཞིག་མངོན་གསལ་དོད་པོས་བཞག་ཡོད། ཆུ་ཚོད་18དང་སྐར་མ་30ཙམ་ལ་ཁ་ལག་ཐེངས་དང་པོ་གཏོང་འགོ་ཚུགས་པ་དེ་ནི་ཞོག་ཁོག་ཤ་བརྔོས་དང་སྔོ་ཚལ་ཡིན་པས་མང་ཚོགས་མི་ཉུང་བ་ཞིག་བྲོ་བ་མྱོང་བར་སླེབས་ཡོད།

    ཉིན་དེའི་ཆུ་ཚོད་8པར་ཡོམ་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་བཏང་བའི་ཟས་འཁོར་དེ་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་སོགས་ཀྱིས་ཞལ་འདེབས་བརྒྱབ་པ་དང་། འཁོར་སྒྲོམ་རྣམ་པའི་རླངས་འཁོར་ནང་དུ་འཁྱག་སྒམ་དང་། གྲོ་ཞིབ་བརྫིས་ཆས། ཤ་གཏུབ་ཆས། ཤ་འཐག་ཆས། ཆུ་སྐོལ་ཆས། ཚལ་བཀྲུ་ས། ཚལ་སླང་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། ཁ་ལག་གྲ་སྒྲིག་བྱེད་རིམ་བཞིན་རླངས་འཁོར་ཕྱི་ནང་གི་མི་12ཀྱིས་ཆུ་ཚོད་2ནང་མི་300ནས་500བར་གྱི་ཁ་ལག་གཡོས་སྦྱོར་བྱེད་ཀྱི་ཡོད།

    “དེའི་ནང་སྒྲིག་སྦྱོར་བྱས་པའི་མཐོ་གནོན་རླངས་བཙོས་སྒམ་གྱིས་ཐེངས་གཅིག་ལ་འབྲས་གཞོང་པ་18བཙོས་ཐུབ་ཀྱི་ཡོད། བཙའ་མི་རྒྱག་པའི་ངར་ལྕགས་ལས་བཟོས་པའི་ལྟོ་སྣོད་དག་སྤྱད་རྗེས་གཙང་མར་བཀྲུ་བ་དང་། དེ་ནས་དུག་སེལ་སྒམ་ནང་དུ་བཞག་ནས་ཐེངས་རྗེས་མ་སྤྱོད་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད”ཅེས་བོད་ལྗོངས་དགུ་དགུ་དགུ་ཛ་དྲག་རོགས་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མཱ་ཧྭ་ཡིས་ངོ་སྤྲོད་བྱས། ཁོང་གིས་ཟས་འཁོར་དེ་སྐྱིད་གྲོང་གི་ཆུ་རུད་ཀྱི་གནོད་འཚེའི་རོགས་སྐྱོབ་འགན་ལེན་ཁྲོད་སྤྱོད་འགོ་ཚུགས་ཡོད་ཅེས་བཤད།

    བྱང་རྩྭ་ཐང་གི་དགུན་དུས་སུ་དྭངས་གཙང་གི་ཆུ་འགོ་ནི་ཧ་ཅང་རྩ་ཆེན་ཡིན། དམར་རུ་ཤང་གི་ཁྲོན་པ་ཞིག་གི་འགྲམ་དུ་འཁོར་ཐོག་འཁྱགས་འགོག་འཐུང་ཆུ་གཙང་སེལ་གྱི་སྒྲིག་ཆས་སེར་ཁྲ་ཞིག་བཞག་ཡོད།

    ཁྲོན་པ་ནས་ཆུ་འཐེན་པ་དང་། འཚག་རྒྱག་པ་སོགས་བྱས་པ་བརྒྱུད་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་དཔྱད་ཚད་གཞི་ལོན་ན་གཞི་ནས་མང་ཚོགས་ཀྱི་འཐུང་ཆུར་གྱུར་གྱི་ཡོད།

    “‘སྒྲིག་ཆས’དེས་ཆུ་ཚོད་རེར་ཁྲོན་ཆུ་ཏུན་2གཙང་བཟོ་བྱེད་ཐུབ་ཀྱི་ཡོད” ཀྲུང་གོའི་བར་ཆུ་གཙང་བཟོ(བོད་ལྗོངས)ས་མཐོའི་ཆུ་མཁོ་འདོན་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་བཟོ་བ་གཡུ་འབྲུག་དར་རྒྱས་ཀྱིས་དེ་ལྟར་བརྗོད་པ་དང་། ཁོང་གིས་ཆུ་གཙང་བཟོའི་སྒྲིག་ཆས་བཀོལ་སྤྱོད་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད།

    “འོད་ཤུགས་གློག་འདོན་དང་། དྲོད་སྲུང་རྒྱུ་ཆ། ནུས་གསོག་མ་ལག་བཅས་ལ་བརྟེན་ནས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་སུམ་ཅུའི་ཁོར་ཡུག་འོག་སྤྱོད་ཆོག་གི་ཡོད”ཅེས་ཀུང་སིའི་སྦྲ་ཆེན་ས་ཚིགས་ཀྱི་འགན་འཁུར་བ་ཅི་ཐའོ་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། དམར་རུ་ཤང་དུ་སྲིད་འཛིན་གྲོང་ཚོ་5ལ་ཆུ་བེད་ས་ཚིགས་བཙུགས་ཡོད་པ་དང་ཀུང་སིས་ད་དུང་ས་ཁོངས་གཞན་དག་གི་ཆུ་སྤྱོད་དགོས་མཁོ་དང་ཁྲོན་ཆུའི་གནས་ཚུལ་ལ་གྲལ་བཤེར་བྱས་ནས་གཅིག་སྡུད་ཆུ་མཁོ་འདོན་ས་ཚིགས་འཛུགས་རྒྱུ་རེད་ཅེས་བཤད།

    ཟས་འཁོར་གྱིས་ལས་ཕྱོད་མཐོ་པོས་ཁ་ལག་ཚ་པོ་མཁོ་འདོན་ཐུབ་ནས་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་ཆུ་གཙང་བཟོའི་སྒྲིག་ཆས་ཀྱིས་ཆུ་ལེན་པའི་ངལ་བ་བསལ་ནས་ཆུའི་བདེ་འཇགས་ལ་འགན་སྲུང་བྱེད་ཀྱི་ཡོད།

    ཚན་རྩལ་གྱི་གཞི་གདན། སྤྱི་ཕན་གྱི་ངོ་བོ། མི་ཆོས་ཀྱི་ཐུགས་ཁུར། འཕྲལ་སྡོམ་རྨང་གཞིའི་འགན་ལེན་སྒྲིག་ཆས་གསར་པ་ཁག་གཅིག་ལས་ཡོམ་ཁུལ་གྱི་རོགས་སྐྱོབ་དང་བཀོད་སྒྲིག་ལས་དོན་དེ་བས་ཚགས་ཚུད་ཅིང་གནད་ལ་འཁེལ་བས་མང་ཚོགས་ཚོར་གྲང་ངར་ཁྲོད་དེ་བས་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།