རྒྱང་སྐྱོད་ལམ་བུར་ཕྱིར་དྲན་བྱས་རྗེས་གཞོན་ནུ་ཚོ་སླར་ཡང་རྡོག་ཐོན་ཇི་ལྟར་བྱེད་དགོས་སམ།
དུས་རབས་གསར་པའི་གཞོན་ནུ“སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད་པའི”བྱེད་སྒོ་སྐབས་གསུམ་པ་ཀུའེ་ཀྲོའུ་ཙུན་དབྱི་རུ་འགོ་ཚུགས་པ་རེད།
གཞོན་ནུའི་འཐུས་མི་བརྒྱ་ལྷག་ཙམ་གྱིས་རྡོ་སྐས་མང་པོར་འཛེགས་ཤིང་ནགས་ཀླུང་བརྒལ་ནས་དེ་སྔའི་དམར་དམག་རྒྱང་སྐྱོད་ཀྱི་རྗེས་ཤུལ་དེད་དེ་ལོའུ་ཧྲན་ཀོན་འགག་སྒོའི་གཡུལ་འགྱེད་ཀྱི་རྗེས་ཤུལ་དུ་བསླེབས།
ཡུལ་ཕྱོགས་གང་སར་ལྟ་སྐབས། གཞོན་ནུ་དེ་བས་མང་པོས་རང་འགུལ་ངང་དམར་དམག་རྒྱང་སྐྱོད་ཀྱི་རྗེས་ཤུལ་དུ་བསྙེགས་ཏེ་ས་གནས་ས་ཐོག་ཏུ་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱེད་བཞིན་ཡོད། ཁོང་ཚོས་སྔོན་བྱོན་པས་གཡུལ་འགྱེད་བྱེད་མྱོང་བའི་ས་ཆར་སྐྱོད་པ་དང་། དམར་དམག་གི་རྗེས་རབས་པ་ཚོའི་བརྩེ་སེམས་ཟབ་མོའི་གཏམ་བཤད་ཉན་པ། གྲངས་འཛིན་ལག་རྩལ་ལ་བརྟེན་ནས་ལོ་རྒྱུས་ཀྱི་རྣམ་པ་སླར་ཡང་མངོན་པ་སོགས་བྱེད་ཀྱི་ཡོད།
རྒྱང་སྐྱོད་ལམ་བུར་ཕྱིར་དྲན་བྱས་རྗེས་གཞོན་ནུ་ཚོ་སླར་ཡང་རྡོག་ཐོན་ཇི་ལྟར་བྱེད་དགོས་སམ།
སླར་ཡང་སྐྱོད་པ་ནི་ཕུགས་བསམ་བརྟན་དུ་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས་མདུན་སྐྱོད་བྱ་ཆེད་ཡིན།
ལོ་90ལྷག་ཙམ་གྱི་གོང་དུ། རྒྱང་སྐྱོད་ལ་ཞུགས་མཁན་དམར་དམག་འཐབ་འཛིང་པ་ཚོའི་ཆ་སྙོམས་ལོ་ཚད་ལོ་20ཙམ་ལས་ཟིན་གྱི་མེད། ལོ་ན་ཧ་ཅང་ཕྲ་བའི་དཔུང་ཁག་དེས་གཙང་པོ་བརྒྱ་ཙམ་དང་རི་མཐོ་གཡང་གཟར་40ལྷག་ཙམ་བརྒལ་མཐར་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གི་ཁ་ལོ་སྒྱུར་ཐུབ་པའི་ལམ་བུ་ཞིག་རྙེད་པ་རེད།
ལོ་90ལྷག་ཙམ་གྱི་རྗེས་སུ། དུས་རབས་གསར་པའི་གཞོན་ནུ་ཚོའི་མདུན་ན“ལོའུ་ཧྲན་ཀོན་འགག་སྒོ”དང“ལ་ཙི་ཁོའུ”གསར་པ་འགྱིང་ངེར་གནས་ཡོད། འཚོ་བར་འཕྲད་པའི་དཀའ་སྡུག་དང་ལས་ཀར་དཀའ་གནད་མང་པོ་འཕྲད་རྐྱེན་སྐབས་འགར་གདམ་ག་ཇི་ལྟར་བྱེད་དགོས་པའི་ཐད་ཐེ་ཚོམ་སྐྱེས་ནས་ཐམ་མེ་ཐོམ་མེར་གྱུར་བ་དང་། ད་དུང་མཐའ་འཁྱོངས་བྱས་ན་དགོས་པ་ཡོད་མེད་ལའང་སོམ་ཉི་སྐྱེས་སྲིད། ཡིན་ན་ཡང་། སྐབས་དེ་དུས་ལ་ཕྱིར་མིག་བལྟས་ཚེ། གཞོན་ནུ་དེ་ཚོར་བསམ་མི་ཕོད་པའི་དཀའ་ཚེགས་དང་ཚོད་བགམ་དྲག་པོ་འཕྲད་ཀྱང་ང་ཚོར་རྒྱང་རིང་གི་ཕུགས་བསམ་མངོན་འགྱུར་ཡོང་བར་མིག་དཔེ་ཞིག་བཏོད་ཡོད་དེ། “ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟ་བུའི”ངར་ཤུགས་ཤིག་དགོས་པ་དེ་ཡིན།
སླར་ཡང་རྒྱང་སྐྱོད་ལམ་བུར་སྐྱོད་པ་ལས་སྔོན་ཆད་ཁོང་ཚོས་དཀའ་ཚེགས་ཆེན་པོ་འཕྲད་ཀྱང་བརྟན་སྲུང་ཇི་ལྟར་བྱེད་པ་དང་། དད་སེམས་ཀྱི་ཁྲིད་སྟོན་འོག་དཀའ་གནད་མང་པོ་ཇི་ལྟར་སེལ་བ་ཤེས་ཐུབ། “གསར་བརྗེའི་ཕུགས་བསམ་དགུང་ལས་མཐོ”ཞེས་པ་ནི་སྟོང་བཤད་ཙམ་མ་ཡིན་པར་ཁྲག་དྲོན་དང་མཐའ་འཁྱོངས་བྱས་པ་ལས་བྱུང་བའི་དྲིས་ལན་ཞིག་རེད།
སླར་ཡང་སྐྱོད་པ་ནི“སྒེར་སེམས”ནས“སྤྱི་སེམས”ཕྱོགས་སུ་སྐྱོད་པའི་རིན་ཐང་གི་གདམ་ག་ཞིག་རེད།
རྒྱང་སྐྱོད་ལམ་དུ་དམར་དམག་གི་དཔོན་དམག་ཚོས་མི་དམངས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་དང་མཉམ་ཤི་མཉམ་གསོན་བྱས་ཡོད། “ཕོ་ཁེབས་ཕྱེད་ཀ”ལས་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང“དངུལ་ཊམ་སྒོར་གཅིག”ལས་སྒྲིག་ཁྲིམས་དམ་པོ་མཚོན་གྱི་ཡོད། དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ནི་དམག་དམངས་གཉིས་ཀའི་ཉ་ཆུ་ལྟ་བུའི་བརྩེ་བ་མཚོན་པའི་ལོ་རྒྱུས་ཤིག་ཡིན།
ད་ཆ། མི་དམངས་གོང་དུ་བཀུར་བའི་རིན་ཐང་གི་རང་མདངས་དེ་བྱེད་ཐབས་གསར་པའི་ཐོག་ནས་རྒྱུན་སྲིང་བྱེད་བཞིན་ཡོད། སློབ་ཆེན་སློབ་མ་དབྱང་ཉིང་སློབ་གྲྭ་ཐོན་རྗེས་གྲོང་ཁྱེར་གྱི་ལས་ཀ་བསྐྱུར་ནས་རི་ཁུག་གི་མེའོ་གྲོང་དུ་བསྐྱོད་ཡོད། ཡུལ་མི་ཚོ་དབུལ་སྒྲོལ་ཐུབ་ཆེད། ཁོང་གིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་རང་དངུལ་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་། ལོ་བཅུ་ལྷག་ཙམ་རིང་གྲོང་གསེབ་ཏུ་གཞི་ཚུགས་པས་དེ་སྔའི་གྲོང་ཚོ་དབུལ་པོ་དེའི་དབུལ་ཞྭ་བདེ་བླག་ངང་ཕུད་ནས“ཡུལ་མི་ཚོ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་པའི”དམ་བཅའ་མངོན་འགྱུར་བྱུང་བ་རེད།
དུས་རབས་གསར་པའི་གཞོན་ནུའི་ཚོགས་སྤྱིའི་ཁྲོད་གདམ་ག་དེ་ལྟ་བུ་བྱེད་པ་ནི་ཁོང་ཙམ་མ་ཡིན་པར་ཁོང་ཚོའི་ཁྲོད་ཀྱི་མི་ལ་ལས་གཏེར་རི་བརྟན་སྲུང་བྱས་ནས་འཐབ་ས་དང་པོར་རོགས་སྐྱོབ་བྱེད་ཀྱི་ཡོད་པ་དང་། ལ་ལས་རི་ཁུག་ཏུ་གཞི་ཚུགས་ནས་སློབ་སྐྱོར་བྱེད་ཀྱི་ཡོད་པ་སྟེ་གཟའ་འཁོར་རེར་རི་ལམ་དེད་དེ་ནད་གཞི་ཕོག་པའི་སློབ་མ་ཚོར་གསབ་ཁྲིད་བྱེད་ཀྱི་ཡོད། ཡང་ལ་ལས་མཐའ་སྲུང་སོ་ལྟ་ཁང་བརྟན་སྲུང་བྱས་ནས་ལོ་འཁོར་མོར་ཁ་བ་བུ་ཡུག་ཁྲོད་རྒྱལ་མཚམས་བསྲུངས་ནས་སྡོད་ཀྱི་ཡོད། ཁོང་ཚོའི་གདམ་གར་ཀུན་གྱིས་བསྟོད་བསྔགས་བྱེད་འོས་པ་ཞིག་རེད།
སླར་ཡང་སྐྱོད་པ་ནི་འབད་འབུངས་ཀྱི་རྒྱུན་སྐྱོང་བའི་དངོས་སྒྲུབ་ཀྱི་འགན་འཁྲི་ཞིག་ཡིན།
མི་རྣམས་ཀྱིས་རྒྱུན་དུ“དཀའ་ཚེགས་ཆེན་པོ་འདུག་སྙམ་ན་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་ལམ་བུ་སོམས། ངལ་དུབ་ཆེན་པོ་འདུག་སྙམ་ན་གསར་བརྗེའི་སྔོན་བྱོན་པ་ཚོ་སོམས” ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་ལམ་བུར་དམར་དམག་གི་དཔོན་དམག་ཚོས་འགག་སྒོ་རེ་རེ་གཏོར་ནས་འགག་སྒྲོལ་དཀའ་སེལ་བྱས་པ་དེས་དུས་རབས་གསར་པའི་གཞོན་ནུ་ཚོར་ལས་སྒྲུབ་ལས་གཏོད་བྱེད་པའི་ཁྲོད་ངར་ཤུགས་འཕེལ་བར་བྱས་ཏེ། འགྲན་སློང་ལ་ཁ་གཏད་གཅོག་སྐབས་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པར་མུ་མཐུད་མདུན་སྐྱོད་བྱེད་པའི་ལྕག་སྐུལ་བྱས་ཡོད།
རྒྱང་སྐྱོད་ལམ་བུ་གསར་པའི་ཐོག“ཁྱེད”དང“ང”ཁྲི་སྟོང་མང་པོས་དཔུང་པ་མཉམ་གཤིབས་ཀྱིས་སྐྱོད་ཡོད། འདི་ནི་ཡུལ་དུས་བརྒལ་བའི་སྟོབས་ཤུགས་སྦྲེལ་མཐུད་བྱས་པ་ཞིག་ཡིན་ལ། གཞོན་རབས་པ་ཚོའི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ཞིག་ཀྱང་ཡིན། དེར་བརྟེན། རྒྱང་སྐྱོད་ལམ་བུ་ནི་གཞོན་ནུ་རེ་རེའི་རྐང་འོག་ནས་གྲོང་གསེབ་ཀྱི་ཞིང་ནང་མུ་ཁ་དང་། ཚོད་ལྟ་ཁང་། དམག་སྦྱོང་ཐང་སོགས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་གནམ་སའི་བར་བསྲིངས་ཡོད།
འབྲེལ་ཡོད་གསར་འགྱུར།