མི་གཅིག་ཀྱང་ལུས་མེད་པ།
—— སྦྲ་ཆེན་རྫོང་དམར་རུ་ཤང་སློབ་ཆུང་གིས་ས་ཡོམ་རྒྱག་སྐབས་ཕྱིར་འཐེན་བྱས་པའི་སྐོར་བཀོད་པ།

འདི་ནི་དམར་རུ་ཤང་སློབ་ཆུང་གི་ལུས་རྩལ་ཐང་དུ་ཕུབ་པའི་གུར་ཡིན་པ།
ཟླ་10ཚེས་22ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་ཅིང་། སྐྱི་གཡའ་བའི་ནུབ་གཅིག་སོང་རྗེས་ཞག་སྡོད་སློབ་མ་217ཚང་མ་བདེ་མ་ཐང་མའི་སྒོ་ནས་ཉེན་མེད་ཁུལ་དུ་སྤོ་ཐུབ་ཡོད།
མཚན་མོ་དེར་སློབ་གྲྭའི་དགེ་རྒན་དང་ལས་བཟོ་ཚང་མས་དཀའ་ཉེན་གྱི་མདུན་དུ་ཕྱིར་བཤོལ་ཡེ་ནས་བརྒྱབ་མེད།
སྒོ་ཕྱེ་མ་ཐུབ་པས་སྒེའུ་ཁུང་ནས་ཕྱིར་འཐེན་པ།
ས་ཡོམ་རྒྱག་སྐབས་རྒན་ཕན་ཐོགས་ལགས་ཉལ་རྩིས་བྱེད་བཞིན་ཡོད། གློ་བུར་དུ་ས་འཁྱོམ་པས། ཁོང་ཡར་ལངས་ཏེ་ཕྱི་རུ་རྒྱུག་འགྲོ་སྐབས་ཉེ་འགྲམ་དུ་ཡོད་པའི་གོས་ཤེལ་འགྱེལ་ནས་ཁོང་གི་ལུས་ལ་ཤུགས་ཀྱིས་ཐེབས། ཡིན་ནའང་ཁོང་ན་ཟུག་ལ་སྣང་བ་གཏོང་ཁོམ་མེད་པར་སློབ་མའི་ཉལ་ཁང་གི་ཕྱོགས་སུ་རྒྱུག་ཕྱིན།
སློབ་མའི་ཉལ་ཁང་གི་སྒོ་རྩར་སླེབས་སྐབས་དེར་དགེ་རྒན་སྐྱེས་པ་འགའ་ཞིག་གིས་ནུས་ཤུགས་ཡོད་རྒུས་ཕྲག་པས་ཉལ་ཁང་གི་སྒོ་ལ་རྡུང་བཞིན་ཡོད་རུང་སྒོ་ཏོག་ཙམ་ལས་ཕྱེ་ཐུབ་མེད་པ་རེད།
“ཐོག་སོ་དང་པོའི་སློབ་མ་སྔོན་ལ་སྒེའུ་ཁུང་ནས་མར་དོན་ཤོག”ཅེས་པའི་སྐད་སྒྲའི་ཁྲོད་དུ་ཕན་ཐོགས་ཀྱིས་སྒེའུ་ཁུང་གི་འོག་ཏུ་རྒྱུག་ནས་ནུས་ཤུགས་ཡོད་རྒུས་སྒེའུ་ཁུང་ཕྱེ་སྟེ་ལག་པ་བརྐྱངས་ནས་སློབ་མ་ཕྱིར་འཐེན་ཞིང་། དེ་ནས་མར་དོན་ཡོང་བའི་སློབ་མ་པང་དུ་བླངས་ཏེ་འགྲམ་གྱི་ལས་གྲོགས་ལ་སྤྲད་རྗེས་ཡང་བསྐྱར་ཁ་ཕར་གཅུས་ནས་སློབ་མ་རྗེས་མ་དེ་ཚུར་བླངས།
ཅང་མ་འགོར་བར་ཉལ་ཁང་གི་སྒོ་ཕྱེ་ཐུབ་པས། དགེ་རྒན་ཁག་གཅིག་གིས་མཉམ་དུ་ཐོག་ཁང་སྟེང་གི་སློབ་མ་ཁྲིད་ནས་ལུས་རྩལ་ཐང་དུ་རྒྱུག་ཕྱིན་པ་དང་། དགེ་རྒན་ཁག་གཅིག་གིས་མུ་མཐུད་ཉལ་ཁང་དུ་འཚངས་ཕྱིན།
སྐབས་དེ་དུས་རྒན་ཆོས་འཛོམས་ལགས་ཀྱིས་སློབ་མའི་མི་གྲངས་བཤེར་སྐབས་སློབ་མ་3ཚང་མེད་པ་ཤེས།
དེས་ན། ཁོང་གིས་རྒན་ལྷ་མཚོ་ལགས་དང་མཉམ་དུ་སློབ་མའི་ཉལ་ཁང་ནང་དུ་རྒྱུག་ཕྱིན་ཏེ་སྐད་ཤུགས་ཆེན་པོས་སློབ་མའི་མིང་ནས་བོས། ཉལ་ཁང་དུ་ལུས་པའི་སློབ་མ་དག་གཉིད་ལྕི་པོ་ཁུག་ཡོད་པས་སྐབས་དེར་ཉལ་ཆས་ནང་ནས་ཧ་ནེ་ཧོན་ནེའི་སྒོ་ནས་མགོ་འབུར་ཙམ་བཏོན་ཏེ་བསྡད་ཡོད། དེ་འཕྲལ་རྒན་ལགས་ཁོང་གཉིས་ཀྱིས་སློབ་མ་དེ་དག་པང་དུ་བཏབ་ནས་ལུས་རྩལ་ཐང་དུ་རྒྱུག་ཕྱིན།
ལུས་རྩལ་ཐང་དུ་སློབ་སྤྱིས་སླར་ཡང་མི་གྲངས་བཤེར་སྐབས་ཞག་སྡོད་སློབ་མ་217ཚང་མ་འཛོམས་ཡོད་པ་རེད།
ཕོ་ཁེབས་གཅིག་དང་ཀམ་པ་ལི་གཅིག
ལུས་རྩལ་ཐང་དུ་སློབ་མ་ལ་ལ་རྐང་རྗེན་མར་སླེབས་ཡོད་པ་དང་། ལ་ལ་གོས་ཐུང་ནང་འཇམ་ཞིག་ལས་གྱོན་ཁོམ་མ་བྱུང་བར་སླེབས་ཡོད་པས། ཚང་མ་འཁྱགས་ནས་འདར་འཁྲུག་འཁྲུག་བྱེད་ཀྱི་ཡོད་པ་རེད། ད་དུང་བྱིས་པ་མི་ཉུང་བ་ཞིག་སྐྲག་ནས་ངུ་བཞིན་ཡོད་པས། རྒན་ལགས་རྣམས་ཀྱིས་འགྲམ་དུ་ཙོག་པུར་བསྡད་དེ“ཞེད་དགོས་མ་རེད། རྒན་ལགས་འདིར་མི་འདུག་གམ”ཞེས་སེམས་གསོ་བཏང་།
སློབ་སྤྱི་བསྟན་པ་རྒྱལ་མཚན་དང་དགེ་རྒན་སྐྱེས་པ་གཞན་རྣམས་ཀྱིས་ཁ་ཕར་བསྐོར་ནས་མཛོད་ཁང་གི་ཕྱོགས་སུ་རྒྱུག་ཕྱིན། མཛོད་ཁང་གི་གྱང་ལ་སེར་ཁ་གས་ཡོད་པ་མ་ཟད། ཁང་པའི་སྟེང་ནས་ད་དུང་རྡོ་ཧྲུག་ལྷུང་བཞིན་ཡོད་པ་རེད།
འོན་ཀྱང་ཁོང་ཚོས་ཡར་འཛུལ་ནས་ཕོ་ཁེབས་དང་ཀམ་པ་ལི་ཁྱེར་ཏེ་ཕྱི་ལ་རྒྱུག་ཡོང་ཞིང་། འགའ་ཤས་ཀྱིས་ཐེངས་རེར་ཕོ་ཁེབས་མཐུག་པོ་གཉིས་ཁུར་བ་དང་། འགའ་ཤས་ཀྱིས་མཆན་ཁུང་འོག་ཏུ་ཀམ་པ་ལི་གསུམ་བཙིར་ཡོད་པ་རེད།
ལུས་རྩལ་ཐང་དུ་སླེབས་རྗེས་རྒན་ལགས་རྣམས་ཀྱིས་མྱུར་དུ་ཉལ་ཆས་བགོས་ཤིང་། སློབ་མ་ཚང་མར་ཕོ་ཁེབས་གཅིག་དང་། ཀམ་པ་ལི་གཉིས། ཀམ་པ་ལི་མཐུག་པོ་གཅིག་བཅས་གཡོགས་པས་ལྷགས་པ་ཇི་ཙམ་ཆེ་ཡང་འཁྱགས་ཀྱི་མེད།
དེ་དང་ཆབས་ཅིག གྲལ་བཤེར་ཚོགས་ཆུང་གིས་སྦི་ཅི་ལི་སྤར་ནས་ཉལ་ཁང་དང་། ཟ་ཁང་། དགེ་རྒན་གྱི་ལས་ཤག་བཅས་སུ་སླར་ཡང་ལྟ་བར་ཕྱིན་ནས་མི་གཅིག་ཀྱང་མ་ལུས་པ་བྱས།
ནང་སྦྱོང་ཡང་ཡང་བྱས་པའི་ཉེན་གཡོལ་བྱེད་སྟངས།
གོ་རིམ་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱེད་ཐུབ་པ་འདི་ནི་གཞི་འཛིན་ས་མེད་པ་ཞིག་གཏན་ནས་མ་རེད།
འདི་ནི་དམའ་རུ་ཤང་སློབ་ཆུང་གི་འཕྲལ་སྡོམ་སྔོན་ཇུས་ནང་གི་ལམ་སྲོལ་ནན་པོ་ཞིག་ཡིན་ཏེ། དགེ་རྒན་གཅིག་གིས་ཉལ་ཁང་གཅིག་གི་འགན་འཁུར་དགོས་པ་དང་། སློབ་མས་ལམ་ཐིག་གང་ནས་ཕྱིར་འཐེན་བྱེད་དགོས་པ། གྲལ་བཤེར་ཚོགས་ཆུང་གིས་གོ་རིམ་གང་ལ་གཞིགས་ནས་ཞིབ་བཤེར་བྱེད་དགོས་པ་བཅས་ཚང་མ་གསལ་གསལ་ཐིང་ཐིང་བྲིས་ཡོད།
སྔོན་ཇུས་དངོས་སུ་དོན་འཁྱོལ་ཐུབ་ནས་ནུས་པ་ཐོན་པ་ནི་ནང་སྦྱོང་ཡང་ཡང་བྱས་པ་ལས་བྱུང་བ་ཞིག་རེད།
དམར་རུ་ཤང་སློབ་ཆུང་ལ་རྒྱུན་དུ་འཕྲལ་སྡོམ་ནང་སྦྱོང་བྱེད་པའི་སྲོལ་རྒྱུན་བཟང་པོ་ཡོད།
2021ལོར་བསྟན་པ་རྒྱལ་མཚན་གྱིས་སློབ་སྤྱིའི་འགན་ཁུར་རྗེས། སྒྲིག་ལམ་དེ་བས་ནན་དུ་བཏང་ཞིང་། ཟླ་རེར་ནང་སྦྱོང་ཐེངས་གཉིས་རེ་བྱ་རྒྱུ་དེ་ཐེངས་གཅིག་ཀྱང་ཆད་མྱོང་མེད། མི་ཁ་ཤས་ལ་ལོ་བཅུ་གྲངས་རིང་གནས་ཚུལ་གང་ཡང་ལྷག་མྱོང་མེད། ཟླ་རེར་སྦྱོང་བརྡར་བྱས་ནས་སུ་ལ་སྟོན་རྩིས་ཡོད་དམ་སྙམ་པའི་ཐེ་ཚོམ་སྐྱེ་ཡི་ཡོད།
ཁོང་གིས“གནོད་འཚེས་ཁྱོད་ལ་སྔོན་བརྡ་གཏོང་གི་མ་རེད། དུས་རྒྱུན་སྦྱོང་བརྡར་མ་བྱས་ཚེ། གནས་ཚུལ་དངོས་འབྲེལ་ཐོན་སྐབས་ཞེད་སྣང་སྐྱེས་ནས་ག་བྱེད་འདི་བྱེད་མེད་པ་བཟོ་གི་རེད”ཅེས་བརྗོད། གཞི་རིམ་དུ་ལོ་20ལྷག་ཙམ་བསྡད་རྗེས་ཁོང་གིས་གནས་ལུགས་ཤིག་རྟོགས་པ་སྟེ། སྔོན་འགོག་གི་ལས་ཀ་འདི་རིགས་གནས་ཚུལ་ལྷགས་རྗེས་བྱས་ན་འགྲིག་གི་མེད་པ་དེ་རེད།
སྦྲ་ཆེན་རྫོང་སློབ་གསོ་ཅུས་ཀྱིས་ལོ་ལྟར་སློབ་གྲྭ་ཁག་ལ་འཕྲལ་སྡོམ་ནང་སྦྱོང་ལ་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་པ་དེ་དམར་རུ་ཤང་སློབ་ཆུང་གིས་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། ནམ་རྒྱུན་ནང་སྦྱོང་བྱས་པ་དག་མཚན་མོ་དེར་དངོས་འབྲེལ་གོ་ཆོད་ཡོད།
ཕྲུ་གུ་ཚོ་བསུས་རྗེས་སློབ་གྲྭ་སྟོང་རྐྱང་ཆགས་རུང་དགེ་རྒན་རྣམས་ད་དུང་སློབ་གྲྭ་ནས་ཁ་བྲལ་མེད།
ལུས་རྩལ་ཐང་དུ་གུར་རེ་རེ་བཞིན་ཕུབ་པ་དང་། ཉིན་མོ་སློབ་གྲྭའི་ཉལ་ཁང་དུ་གཙང་བཤེར་བྱས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་དང་། དགོང་མོ་ཚང་མ་གུར་ནང་རུབ་ནས“ཁང་པ་གས་ན་བསྐྲུན་ཆོག འོན་ཀྱང་སློབ་ཚན་འཐུས་ཤོར་དུ་མི་འགྲོ་བ་བྱེད་དགོས། ལོ་རིམ་དྲུག་པར་སློབ་ཚན་ཇི་ལྟར་གསབ་དགོས་སམ། ལོ་རིམ་གཞན་དག་ལ་དྲ་ཐོག་ནས་སློབ་ཚན་ཇི་ལྟར་བཀོད་སྒྲིག་བྱེད་དགོས་སམ”ཞེས་པ་ལ་སོགས་དྲ་ཐོག་སློབ་ཁྲིད་ཀྱི་ཇུས་གཞིར་གྲོས་བསྡུར་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།