དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་ཚོད་དམ་འཛིན་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་བྱས་པ།

    —— ནག་ཆུ་གྲོང་ཁྱེར་ལྟེ་བའི་ཁྲག་རྒྱུན་ས་ཚིགས་ཀྱིས་ས་ཚིགས་མང་པོ་དང་མཉམ་འགུལ་བྱས་ནས་ཡོམ་ཁུལ་གྱི་རྨས་མར་ཁྲག་མཁོ་འདོན་གྱི་བགྲོད་ལམ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-27

    ནག་ཆུ་སྦྲ་ཆེན་དུ་ས་ཡོམ་རིམ་པ་7.0བརྒྱབ་རྗེས། ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཅིག་གྱུར་བཀོད་གཏོང་འོག ནག་ཆུ་གྲོང་ཁྱེར་ལྟེ་བའི་ཁྲག་རྒྱུན་ས་ཚིགས་ཀྱིས་བཀའ་འབྱོར་མ་ཐག་འཕྲལ་དུ་དང་ལེན་བྱས་ཏེ་འཕྲལ་མ་ཉིད་དུ་ཡོམ་འགོག་གེགས་སེལ་གྱི་ཁྲག་རྒྱུན་འགན་ལེན་གྱི་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་བ་དང་། ཏང་ཡོན་གྱིས་གདོང་ལེན་བྱས་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཁྲག་རྒྱུན་མཉམ་འགུལ་འགན་ལེན་གྱི་སྦྲེལ་ཐག་བཙུགས་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་སྟོབས་ཤུགས་སྐུལ་སློང་བྱས་ནས་ཁྲག་སྦྱིན་ཕུལ་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཡོམ་ཁུལ་གྱི་རྨས་མར་ནད་ཐོག་ཁྲག་སྤྱོད་འགན་ལེན་བྱས་ནས་འགན་འཁྲིར་བརྟེན་ཏེ་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་བྱས་པ་རེད།

    ས་ཡོམ་བརྒྱབ་རྗེས། ཁྲག་རྒྱུན་ས་ཚིགས་ཀྱི་འགོ་ཁྲིད་གཙོ་བོས་མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ་དང་། ཁྲག་རྒྱུན་ས་ཚིགས་ཀྱི་ཚན་ཁག་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱེད་པ། ལས་དོན་མི་སྣ་ཡོངས་འཕྲལ་སྡོམ་ལས་དོན་ནང་ཞུགས་ཏེ། ཆུ་ཚོད་24ཡི་སྡོད་བྱ་དང་། ཁྲག་རྒྱུན་མཛོད་ཉར་རྩིས་བཤེར། སྤུས་ཚད་དོ་དམ་ཚོད་འཛིན། འཕྲལ་སྡོམ་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་པ་རེད། ས་ཚིགས་ཡོངས་ཀྱི་ལས་བྱེད་ལས་བཟོ་ཚོས་མྱུར་ཚད་མགྱོགས་ཤོས་དང་། བྱ་ཐབས་ཏན་ཏིག ཚད་གཞི་ནན་ཤོས་བཅས་ཀྱི་སྒོ་ནས་འཕྲལ་སྡོམ་ཁྲག་རྒྱུན་གསོག་འཇོག་ཡག་པོ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་འཐབ་ས་དང་པོར་རོགས་སྐྱོར་བྱ་རྒྱུའི་བཀའ་སྒུག་བཞིན་ཡོད།

    གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འཕྲལ་སྡོམ་སྐྱོབ་བཅོས་འགན་ལེན་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཁྲག་རྒྱུན་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པས་རུ་སྣེ་ཁྲིད་དེ་ཁྲག་རྒྱུན་ས་ཚིགས་ཀྱི་འཕྲལ་སྡོམ་ཁྲག་རྒྱུན་བཀོད་སྒྲིག་ཚོགས་ཆུང་མཚན་མོ་དེ་རང་ལ་རྡོག་ཐོན་བྱས་ཏེ་ཟླ་10ཚེས་23ཉིན་གྱི་ཆུ་ཚོད་0པར་སོག་རྫོང་མི་དམངས་སྨན་ཁང་དུ་འབྱོར་ཞིང་། འཕྲལ་སྡོམ་ཁྲག་རྒྱུན་འགན་ལེན་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་ཁྲག་རྒྱུན་འགན་ལེན་གྱི“མཐའ་མའི་འགག་གནད”བསལ་ནས་ཡོམ་ཁུལ་གྱི་རྨས་མ་སྐྱོབ་བཅོས་བྱེད་པའི་གྲ་སྒྲིག་ཨང་བསར་བྱས་པ་རེད།

    གྲོང་ཁྱེར་དེ་ཡོངས་ཀྱི་ཁྲག་གསོག་འཇོག་གི་དགོས་མཁོ་སྐོང་ཆེད། ཟླ་10ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་5པར། བོད་རང་སྐྱོང་ལྗོངས་ཁྲག་རྒྱུན་ལྟེ་གནས་ཀྱིས་ཁྲག་དབྱིབས་Aདང་། ཁྲག་དབྱིབས་B ཁྲག་དབྱིབས་O ཁྲག་དབྱིབས་ABབཅས་ཀྱི་ཕྲ་ཕུང་དམར་པོའི་གཟར་ཞུན་ལྷ་ས་ནས་འཁྱེར་ཏེ་ཐག་རིང་དུ་འཕྲལ་མར་བསྐྱལ་བ་དང་། ཉིན་དེའི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནག་ཆུ་ལྟེ་བའི་ཁྲག་རྒྱུན་ས་ཚིགས་སུ་འབྱོར་ནས་ཁྲག་རྒྱུན་རྩིས་སྤྲོད་རྩིས་ལེན་བྱས་ཏེ། རང་སྐྱོང་ལྗོངས་དང་གྲོང་ཁྱེར་མཉམ་འགུལ་དང་མགྱོགས་མྱུར་གཏོང་འདྲེན་གྱི་ཁྲག་རྒྱུན་མཁོ་སྤྲོད་འགན་ལེན་གྱི“སྦྲེལ་ཐག”ཅིག་ཆགས་པར་བྱས་ཡོད།

    ཟླ་10ཚེས་23ཉིན་གྱི་སྔ་དྲོར། ཁྲག་རྒྱུན་ས་ཚིགས་ཀྱིས་འཕྲལ་དུ་ཁྲག་སྦྱིན་བསྡུ་འགོ་བཙུགས་ནས་འཕྲལ་སྡོམ་ཁྲག་སྦྱིན་གཏོང་མཁན་གྱི་མཛོད་ནང་གི་ཆ་རྐྱེན་དང་མཐུན་པའི་ཁྲག་སྦྱིན་གཏོང་མཁན་591ལ་འཕྲལ་སྡོམ་ཁྲག་སྦྱིན་གཏོང་བའི་བརྡ་ཐོ་བཏང་བ་དང་ཆབས་ཅིག གྲོང་ཁྱེར་དེ་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྐད་འཕྲིན་ཚོགས་པ་བརྒྱུད་དེ་རིན་མེད་ཁྲག་སྦྱིན་གྱི་གྲོས་འདོན་ཡི་གེ་ཁྱབ་བསྒྲགས་བྱས་པ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་ཁྲག་རྒྱུན་ས་ཚིགས་སུ་ཡོང་ནས་གཅིག་རྗེས་གཉིས་མཐུད་ངང་ཁྲག་སྦྱིན་བཏང་བ་རེད། དེ་ཉིན་གྱི་ཆུ་ཚོད་18པའི་བར། ཁྱོན་མི་100ལྷག་ཙམ་རིན་མེད་ངང་ཁྲག་སྦྱིན་གཏོང་བའི་ནང་ཞུགས་པ་དང་། མི་68ཀྱིས་ཁྲག་སྦྱིན་བཏང་ཞིང་། རིམ་རྩིས་བརྒྱབ་ན་ཁྲག་ཧའོ་ཧྲེང་15600འཚོལ་བསྡུ་བྱས་པ་དང་། དེ་དང་ཆབས་ཅིག་ཞིབ་དཔྱད་ཚད་ལེན་ཡང་བྱས་པ་རེད།

    དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཁྲག་སྦྱིན་བཏང་སྟེ་སྐྱོབ་བཅོས་ལ་མཐུན་རྐྱེན་སྦྱར་ཞིང་། འཛད་མཐའ་མེད་པའི་འཕྲལ་སྡོམ་ཁྲག་རྒྱུན་གྱིས་རྨས་མ་སྐྱོབ་བཅོས་ལ་འདེགས་སྐྱོར་བརྟན་པོ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།