སྦྲ་ཆེན་དུ་ཆུ་ཚོད་72ཛ་དྲག་རོགས་སྐྱོབ་བྱེད་རིང་།
—— “མི་དམངས་གོང་དུ་བཀུར་བའི”དམ་བཅའ་ནི་ནམ་ཡང་ལག་ལེན་ཐོག་ནས་མངོན་པ།
ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ཙམ་ལ་གློ་བུར་དུ་ས་ཡོམ་དྲག་པོ་བརྒྱབ།
སྦྲ་ཆེན་གྱི་ས་ཡོམ་རིམ་པ་7.0ཡི་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་བདེ་སྡུག་ལ་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་ཐུགས་ཁུར་དང་དུས་དང་རྣམ་པ་ཀུན་ཏུ་ཐུགས་ལ་བཅངས་ནས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་བ་དང་བླང་བྱ་ཁ་གསལ་བཏོན་གནང་ཞིང་། ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་མཆན་བཀོད་མཛུབ་སྟོན་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་དུ་བཀོད་སྒྲིག་དང་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་མཚན་གུང་དུ་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་གེགས་ཁུལ་གྱི་འཐབ་ས་དང་པོར་ཕེབས་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་ཛ་དྲག་རོགས་སྐྱོབ་བྱས་པ་རེད།
གྲང་ངར་ཆེ་བའི་བྱང་རྩྭ་ཐང་དུ་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་རོགས་སྐྱོབ་རྣམ་པ་ལས། བོད་དུ་ས་བབ་མཐོ་པོ་ཡོད་ཀྱང་ཏང་དང་སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་ལ་སེམས་ཁུར་ཚད་མེད་བྱེད་པ་དང་། བོད་བྱང་ཐང་དུ་གསོ་རླུང་དཀོན་པོ་ཡོད་ཀྱང་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་དད་སེམས་ཆེན་པོ་ཡོད་པ་ར་འཕྲོད་ཡོད།
དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཚེ་སྲོག་མྱུར་སྐྱོབ་བྱས་པ།
“མི་སྣ་འཚོལ་སྐྱོབ་ལས་དོན་དང་རྨས་མ་སྐྱོབ་བཅོས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད།
ས་བབ་སྨི་4800ཟིན་པ་དང་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་6ཡིན་ཞིང་། མཐོ་ཞིང་གྲང་བ་དང་། གསོ་རླུང་དཀོན་པ། མུན་པ་ནག་པ། ལྷགས་པ་ཆེ་བ། ཡོམ་འཕྲོ་རྒྱག་མང་བ་བཅས་ཀྱི་ཁོར་ཡུག་ལས་རོགས་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་ཆུ་ཚོད་72དེ་བས་ཛ་དྲག་ཏུ་ཕྱིན།
དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཚེ་སྲོག་མྱུར་སྐྱོབ་བྱེད་དགོས།
—— གནོད་འཚེ་ཐོན་སྐབས་དང་ཐོག་མང་ཚོགས་ཀྱི་གམ་དུ་ཤོར་མཁན་ནི་ནམ་ཡང་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་རེད།
བྲག་ཧྲོབ་རྒལ་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཆོས་དབང་གིས་ས་ཡོམ་རྒྱག་སྐབས་གྲོང་ཚོ་ཨུ་ལྷན་གྱི་ཐོག་ཁང་ནས་དོན་ཏེ་གྲོང་ཚོའི་ལས་བྱེད་པ་ཁྲིད་དེ་མང་ཚོགས་འདུས་སྡོད་བྱ་ཡུལ་རི་ལྡེབས་སུ་སྐད་བརྒྱབ་པ་དང་འབྲེལ་གྲལ་བཤེར་བྱེད་ཞོར་དུ་ཞིག་རོའི་ཁྲོད་ནས་རྨས་སྐྱོན་ཕོག་པའི་བྱིས་པ་གཉིས་བསྐྱབས་པ་རེད།
——ཡོམ་ཁུལ་གྱི་སློབ་གྲྭར་དགེ་རྒན་རྣམས་ཕྲུ་གུ་ཚོའི་སྲུང་སྐྱོང་བར་གྱུར་བ།
ཡོམ་ལྡིག་དམར་རུ་ཤང་སློབ་ཆུང་དང་བར་ཐག་སྤྱི་ལེ་50ལྷག་ཙམ་ཡོད་པའི་སྦྲ་ཆེན་རྫོང་སློབ་འབྲིང་དང་པོ་ལ་སོགས་ཡོམ་ཚོར་ཆེན་པོ་ཡོད་པའི་སློབ་གྲྭ་ཚང་མར་དགེ་རྒན་ཚོས་བབ་བརླིང་ངང་སློབ་མ་ཁ་བཀྲམ་ཏེ་བདེ་འཇགས་ཁུལ་དུ་འཁྲིད་པ་དང་། རང་ཉིད་བློས་བཏང་ནས་ཉལ་ཁང་དུ་ལོག་སྟེ་ཞིབ་བཤེར་ནན་ཏན་བྱས་ནས་ཕྲུ་གུ་གཅིག་ཀྱང་མ་ལུས་པའི་འགན་ལེན་བྱས་ཡོད།
——ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་བཀའ་འབྱོར་མ་ཐག་འཕྲལ་དུ་བྱ་སྤྱོད་སྤེལ་ནས་རོགས་སྐྱོབ་ལམ་དུ་ཆས་པ།
“ས་ཆ་ཚང་མར་འཚོལ་ཞིབ་ཞིབ་ཚགས་བྱེད་དགོས། ཚང་མས་དུས་ཚོད་དམ་འཛིན་བྱེད་དགོས”ཚེས་23ཉིན་གྱི་ཆུ་ཚོད་0ཙམ་ལ་ཐོག་མར་འབྱོར་བའི་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་གདོང་མཆོང་འཕྲལ་སྒྲུབ་ཉེན་སེལ་རོགས་སྐྱོབ་རུ་ཁག་གིས་ཞིག་རོའི་ཁྲོད་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་འཚོལ་སྐྱོབ་བྱས་པ་དང་། སྐབས་དེར་ས་ཡོམ་བརྒྱབ་ནས་ཆུ་ཚོད་གཉིས་ལས་ཕྱིན་མེད།
ཆུ་ཚོད་22དང་སྐར་མ་40ཙམ་ལ་ས་ཡོམ་བརྒྱབ་ནས་སྐར་མ་བཅུ་ཡང་མ་སོང་བར་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་ཆབ་སྲིད་ཨུ་ཡོན་བསོད་ནམས་རྒྱལ་དབང་གིས་རུ་སྣེ་འཁྲིད་དེ་ཐོན་པ་དང་། ཚེས་23ཉིན་གྱི་ཆུ་ཚོད་0ཙམ་ལ་བྲག་ཧྲོབ་རྒལ་གྲོང་ཚོ་དང་སྐམ་ལུང་རྒལ་གྲོང་ཚོར་འབྱོར་ནས་རྨས་མ་ལྔ་དྲུག་ཙམ་བསྐྱབས་པ་རེད།
ཚེས་23ཉིན་གྱི་ཐོ་རེངས་ནས་ཞོགས་པའི་བར་མེ་གསོད་བཀོད་འཐབ་པ་དང་། མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག སྤྱི་བདེ་མི་དམངས་ཉེན་རྟོག་སོགས་གཅིག་རྗེས་གཉིས་མཐུད་དུ་འབྱོར་ཞིང་། ཡོམ་ལྡིག་དེ་ནག་ཆུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་280ཙམ་དང་ལྷ་ས་དང་བར་ཐག་སྤྱི་ལེ་600ལྷག་ཙམ་ཡོད་པ་དང་ཁོང་ཚོས་ཉིན་མཚན་མེད་པར་ཡོམ་ལྡིག་ཕྱོགས་སུ་བསྐྱོད་ཡོད།
——སྨན་དོན་མི་སྣས་ནུས་ཤུགས་ཡོད་རྒུས་ནད་བཅོས་སྲོག་སྐྱོབ་བྱས་པ།
སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་དུ་ལོ་80ལ་སླེབས་པའི་དམར་རུ་ཤང་སྐམ་ལུང་རྒལ་གྲོང་ཚོའི་ཡུལ་མི་མར་ཏོག་གི་རིག་པ་གསལ་དུ་སོང་ཞིང་། རྨང་གཞིའི་ནད་རིགས་མང་པོ་ཡོད་པའི་ཁོང་ས་ཡོམ་སྐབས་བུས་བསྐྱབས་དུས་རྩིབ་རུས་གཡོན་མ་ཆག་པ་མ་ཟད། བྲང་ཁོག་གཡོན་མར་ཆུ་ཡང་བསགས་ཡོད། སོག་རྫོང་མི་དམངས་སྨན་ཁང་གིས་མྱུར་སྐྱོབ་བྱས་རྗེས་ཁོང་སྨན་ཁང་དེར་མུ་མཐུད་སྨན་བཅོས་བྱེད་པར་བསྐྱལ།
ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ས་ཡོམ་བརྒྱབ་རྗེས་འཕྲལ་དུ་རྗེས་གྲབས་རོགས་སྐྱོབ་རུ་ཁག་དང་པོའི་རུ་མི་18སྒྲིག་འཛུགས་བྱས་ཏེ་གེགས་ཁུལ་གྱི་འཐབ་ས་དང་པོར་རོགས་སྐྱོབ་ལས་དོན་སྤེལ་བ་དང་འབྲེལ་སྨན་ཁང་དུ་ཤར་སྐྱོད་འགྲོ་ལམ་བཏོད་ནས་ས་ཡོམ་ཁྲོད་ཀྱི་རྨས་མ་ཚང་མར་སྔོན་ལ་བརྟག་དཔྱད་དང་སྔོན་ལ་སྐྱོབ་བཅོས་བྱས་པ་རེད། ཡོན་ཀྲང་གཞོན་པ་བསོད་ནམས་ཕུན་ཚོགས་ཀྱིས“ང་ཚོས་ལས་གནས་བརྟན་པོ་བསྲུངས་ཏེ་ནུས་ཤུགས་ཡོད་རྒུས་རྨས་མ་ཚང་མར་སྨན་བཅོས་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ཡག་པོ་སྲུང་གི་ཡིན”ཞེས་བློ་རྩ་བརྟན་པོས་བཤད།
ཚེས་25ཉིན་གྱི་ཆུ་ཚོད་13དང་སྐར་མ་03ལ། ཕྲུ་གུ་དམར་འབྱར་གྱི་ངུ་སྒྲ་གསང་པོ་ཞིག་གྲགས་འོང་། “ས་ཡོམ་སྐབས་ཀྱི་ཕྲུ་གུ་དམར་འབྱར”དང་པོ་དེ་སྦྲ་ཆེན་རྫོང་མི་དམངས་སྨན་ཁང་དུ་བདེ་བླག་ངང་སྐྱེས། དེ་ནི་ཚེ་སྲོག་གསར་པ་ཞིག་རེད་ལ། དྲོ་སྐྱིད་གསར་པ་དང་རེ་བ་གསར་པའང་རེད།
ས་ཡོམ་བརྒྱབ་ཀྱང་བརྩེ་སེམས་ཀྱི་རྒྱུན་ཐག་ཆད་མི་སྲིད།
ནག་ཆུ་སྦྲ་ཆེན་ལ་ས་ཡོམ་རིམ་པ་7.0བརྒྱབ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་ཉེན་སེལ་རོགས་སྐྱོབ་དངོས་ཟོག་གང་མགྱོགས་སྤྲད་ནས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཕྱོགས་གཅིག་ནས་མཇུག་སྐྱོང་བཀོད་སྒྲིག་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་སླར་གསོ་བསྐྱར་སྐྲུན་ལ་དམ་འཛིན་བྱས་ཏེ་གེགས་ཁུལ་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པར་འགན་ལེན་བྱས་ཡོད།
ཚེས་23ཉིན་གྱི་ཆུ་ཚོད་4དང་སྐར་མ་30ཡས་མས་ལ། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིས་བཀོད་སྒྲིག་བྱས་པའི་སྟབས་བདེའི་ཁང་པ་དང་། གུར། ཉལ་ཁྲི། ཕོ་ཁེབས། ཐབ་བཅས་དང་དེ་བཞིན་བཟའ་བཅའ་དང་འཐུང་ཆུ་སོགས་གེགས་སེལ་དངོས་ཟོག་སྣ་ཚོགས་གཅིག་མཇུག་གཉིས་མཐུད་ངང་གེགས་ཁུལ་དུ་དབོར་ཡོད།
ས་ཡོམ་རྗེས་ཀྱི་ཞོགས་པར་དཔུང་སྡེའི་དཔོན་དམག་ཚོས་ཐབ་བཙུགས་ནས་ལྟོ་ཆས་བཟོ་འགོ་ཚུགས་ཤིང་། ལྟོ་ཆས་ཚ་སོབ་སོབ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྤྲད་ཡོད།
ཁ་བ་བུ་ཡུག་འཚུབ་པའི་ས་མཐོར་བཀོད་སྒྲིག་བྱ་ཡུལ་35གང་མགྱོགས་བསྐྲུན་པ་དང་། གུར་དང་སྒྲིག་ཁང་1830འཕྲལ་དུ་བརྒྱབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་12489ལ་ས་ཡོམ་བརྒྱབ་རྗེས་སུ་དྲོ་སྐྱིད་ལྡན་པའི་ཉེན་གཡོལ་བྱེད་ས་ཞིག་ཡོང་བར་བྱས་ཡོད།
བཀོད་སྒྲིག་བྱ་ཡུལ་གྱི་ས་ཆ་སྟོང་པར་ཕྲུ་གུ་ཁ་ཤས་རྐང་རྩེད་སྤོ་ལོ་རྒྱག་བཞིན་ཡོད་པ་དང་། བུ་མོ་ཁ་ཤས་སྐྱིད་སྣང་དོད་པོས་ཐག་མཆོང་རྒྱག་བཞིན་ཡོད། ཁོང་ཚོའི་དགོད་སྒྲ་དེ་དག་གུར་གྱི་ཕྱོགས་མཚམས་ཀུན་ལ་གྲགས། ཁོང་ཚོ་ཅི་དགར་རྩེད་འཇོར་རོལ་བཞིན་པའི་རྣམ་པ་དེ་ནི་ས་ཡོམ་རྗེས་ཀྱི་མི་སེམས་འགུལ་བའི་རེ་བ་ཆེ་ཤོས་དེ་རེད།
དམར་རུ་ཤང་སློབ་ཆུང་གི་སློབ་མ་པད་མ་ཆོས་སྐྱིད་ཀྱིས“ས་ཡོམ་བརྒྱབ་རྗེས་ལམ་སེང་ཕོ་ཁེབས་དང་། གྱོན་ཆས། ལྟོ་ཆས་བཅས་རག་པས། ང་ཚོ་འཁྱགས་མ་བྱུང་ལ་ལྟོགས་ཀྱང་མ་བྱུང”ཞེས་བཤད་པ་དང་། སྦྲ་ཆེན་རྫོང་སློབ་འབྲིང་གཉིས་པའི་ལོ་རིམ་གཉིས་པའི་སློབ་མ་གྲགས་མ་དཀར་མོས“ད་ཆ་ལྟོ་ཆས་དང་ཉལ་ས་ཡོད་པས་ང་ཚོ་ཚང་མ་བློ་བདེ་པོ་འདུག”ཅེས་བཤད།
དེ་དང་ཆབས་ཅིག་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་རོགས་སྐྱོར་སྟོབས་ཤུགས་དང་ལས་རིགས་ཁག་གི་གཅེས་སེམས་ཡོམ་ཁུལ་དུ་མདུན་སྐྱོད་བྱས་ཏེ་ཡོམ་ཁུལ་མང་ཚོགས་ཀྱི་བདེ་འཇགས་དང་རེ་བ་བསྲུངས་ཡོད།
བསོད་ནམས་དངོས་གྲུབ་ཀྱིས་རྫོང་གྲོང་དུ་བོད་ཟས་ཟ་ཁང་ཞིག་བཙུགས་ཡོད་ཅིང་། ཐོ་རེངས་ཆུ་ཚོད་བཞི་པར་ཁོང་གིས་ཟ་ཁང་གི་ལས་ཀ་བྱེད་མཁན་འཁྲིད་དེ་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་ལྟོ་ཆས་བཟོ་བར་བསྐྱོད་ཡོད།
སྦྲ་ཆེན་དུ་ལམ་བཟོས་ནས་ལོ་8བསྡད་པའི་ཏུང་དབྱིན་ཧྲེང་གིས་གྲོང་ཚོ་ཁག་ཏུ་དངོས་ཟོག་སྐྱེལ་དགོས་པ་ཤེས་རྗེས་ཐེ་ཚོམ་སྤུ་ཙམ་མེད་པར་རླངས་འཁོར་བཏང་སྟེ་ལམ་ལ་ཆས་ཤིང་། ལག་ནང་གི་མན་པའོ་དེའང་ཟ་ཁོམ་མ་བྱུང་བར་ཁུག་མའི་ནང་བླུགས་དགོས་འཁེལ་ཡོད། ཁོང་གིས་གྲོང་ཚོར་དངོས་ཟོག་དང་ལྟོ་ཆས་ཐེངས་མང་བསྐྱལ་བ་དང་། ལམ་བར་དུ་ཁོམ་པ་ཅུང་ཟད་བྱུང་མ་ཐག་གཞི་ནས་མན་པའོ་ལྷག་མ་དེ་བཏོན་ནས་བཟས།
ས་ཡོམ་རྗེས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་མང་ཚོགས་ཚོར་སྤྲད་པའི་ཐབ་ཆས་དང་། ལུས་ལ་གྱོན་རྒྱུའི་ཕོ་ཁེབས། གློག་སྒྲོན་འོག་ཕན་ཚུན་ལྟ་སྐྱོང་བྱེད་པའི་གཟུགས་བརྙན་བཅས་ལས་དྲོ་སྐྱིད་ལྷད་མེད་ཚོར་ཞིང་། དེ་དག་ནི་དྲོ་ཞིང་འཇམ་པའི་ཉི་འོད་དང་འདྲ་བར་དངངས་སྐྲག་ཆེན་པོ་བྱུང་བའི་སེམས་ཀྱི་རྨ་ཁའི་གསོས་སུ་གྱུར་ནས་མང་ཚོགས་ཚོ་ས་ཡོམ་གྱི་བར་ཆད་ལས་སྒྲོལ་བའི་ལམ་བུར་འཕྲོས་ཡོད།
ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱས་ཏེ་འགན་སྲུང་རྒྱུན་མཐུད་བྱུང་བ།
སྟོན་དགུན་གཉིས་སུ་བྱང་རྩྭ་ཐང་དུ་ལྷགས་པ་ཧ་ཅང་གྲང་མོ་ཡོད།
འོན་ཀྱང་ས་བབ་སྨི་4600ལྷག་ཙམ་ཟིན་པའི་གངས་ཆེན་ཤང་གི་བཀོད་སྒྲིག་བྱ་ཡུལ་དུ་རོགས་སྐྱོབ་མི་སྣས་མྱུར་ཚད་ལ་བརྟེན་ནས་གྲང་རླུང་ལ་ཁ་གཏད་འཇལ་བཞིན་ཡོད་པ་སྟེ། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྱི་ཨར་ལས་མི་སྣས་དངུལ་དཀར་མདོག་གི་ལེབ་རྒྱུ་འདྲུད་འཁོར་ནས་འབེབས་པ་དང་། བསྒྲིགས་པ། བརྟན་པོ་བཟོ་བ་བཅས་བྱས་ཏེ། ཆ་སྙོམས་སྐར་མ་དྲུག་ནང་སྒྲིག་ཁང་སྟར་པ་རེ་རེ་བརྒྱབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་གང་མགྱོགས་སྒྲིག་ཁང་དྲོ་པོའི་ནང་སྡོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
སྐར་མ་དྲུག་ལ་སྟར་པ་རེ་བརྒྱབ་ཚར་བ་ནི་མྱུར་ཚད་ཡིན་པ་དང་། དེས་མི་སེམས་ལ་དྲོད་ཁོལ་ཆེན་པོ་སྦྱིན་ཡོད།
མྱུར་ཚད་ནི་གང་འདྲ་བྱས་ནས་བྱུང་བ་རེད་དམ་ཞེ་ན། ཕྱོགས་གང་ས་ཅི་ཐད་ནས་ཡོམ་ཁུལ་དུ་མྱུར་དུ་རུབ་འཛོམས་བྱས་པ་ལས་བྱུང་བ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་རོགས་སྐྱོབ་སྟོབས་ཤུགས་དང་། དངོས་ཟོག ཆ་འཕྲིན་བཅས་དུས་གཅིག་ལ་འཁོར་སྐྱོད་བྱེད་འགོ་བཙུགས་ཡོད།
མེ་གསོད་རོགས་སྐྱོབ་དང་། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་བཅས་དང་། ས་གནས་ཀྱི་ལས་བྱེད་པ་དང་རིམ་ཁག་རོགས་སྐྱོབ་སྟོབས་ཤུགས་ཁྱོན་མི་གྲངས་5000ལྷག་ཙམ་ས་ཡོམ་རྗེས་ཀྱི་ཆུ་ཚོད་ཁ་ཤས་ནང་ཁ་ཕྱོགས་མི་འདྲ་བ་ནས་ཡོམ་ཁུལ་དུ་འབྱོར་ཡོད།
བར་སྣང་གི་སྟོབས་ཤུགས་དེ་ལས་ཀྱང་སྔ་བ་འབྱོར་ཡོད། ཚེས་23ཉིན་གྱི་ཆུ་ཚོད་0ཙམ་ལ། ནུབ་རྒྱུད་དམག་ཁུལ་མཁའ་དམག་གི་མི་མེད་གནམ་གྲུ་སྔོན་ལ་འཕུར་ནས་གནོད་འཚེའི་གནས་ཚུལ་རྩད་ཞིབ་བྱས་ཡོད། ཆུ་ཚོད་དང་པོ་དང་སྐར་མ་ཞེ་དྲུག་ལ་འཕྲལ་སྡོམ་དོ་དམ་པུས་མངགས་པའི“དབྱི་ལུང”རྟགས་ཅན་མི་མེད་གནམ་གྲུ་གཞིས་རྩེའི་ཞི་བདེ་གནམ་ཐང་ནས་འཕུར་ཏེ་གནོད་འཚེའི་གནས་ཚུལ་མྱུལ་ཞིབ་དང་འཕྲིན་གཏོང་འགན་ལེན་གྱི་ལས་འགན་སྒྲུབ་པར་བསྐྱོད་ནས་ཡོམ་ལྡིག་གི་བརྙན་པར་དུས་ཐོག་ཏུ་བསྐུར་ཡོད།
མ་དངུལ་དང་དངོས་ཟོག་ཀྱང་གཅིག་མཇུག་གཉིས་མཐུད་ངང་འབྱོར་ཞིང་། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི་5000འཕྲལ་མར་སྤྲད་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི་3000བཀོད་སྒྲིག་བྱས་པ། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་སྒོར་ཁྲི་2500བཏང་བ། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཛ་དྲག་ངང་སྒོར་ཁྲི་7000སྤྲད་པ་དང་། ནག་ཆུ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་མཛོད་དངུལ་སྒོར་དུང་ཕྱུར་3འཕྲལ་དུ་སྤྲད་ཡོད། ཚེས་24ཉིན་བར། རིམ་པ་ཁག་གིས་བཀོད་སྒྲིག་བྱས་པའི་གེགས་སེལ་དངོས་ཟོག་རིགས་20གཅིག་མཇུག་གཉིས་མཐུད་ངང་གེགས་ཁུལ་དུ་འབྱོར་བ་དང་། སྲིང་བལ་གྱི་གྱོན་ཆས་དང་། ཕོ་ཁེབས། ཉལ་ཁྲི་སོགས་འཕྲལ་མཁོའི་དངོས་ཟོག་ཁག་ཐེངས་བགོས་ནས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱལ་ཡོད།
“ཚེ་སྲོག་གི་ལམ་ཐིག”ཚང་མ་མྱུར་བཟོ་བྱེད་བཞིན་ཡོད་པ།
——འགྲིམ་འགྲུལ་ཐད། ཚེས་23ཉིན་གྱི་མཚན་མོ་ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་མཚོ་བོད་ལྕགས་ལམ་གྱི་ལམ་དུམ་དུ་སྐབས་འཕྲལ་གྱི་མྱུར་ཚད་ཚོད་འཛིན་བཟོས་པར་ཚང་མ་ཕྱིར་འཐེན་བྱས་ཟིན་པ་དང་། ཚེས་24ཉིན་གྱི་ཉིན་དགུང་སྦྲ་ཆེན་རྫོང་གི་གཞུང་ལམ་འགྲིམ་འགྲུལ་མ་ལམ་ཤར་གཏོང་ཐུབ་ཡོད།
——འཕྲིན་གཏོང་ཐད། ཚེས་23ཉིན་གྱི་ཆུ་ཚོད་10དང་སྐར་མ་30བར་ཡོམ་ཁུལ་གྱི་ཞབས་ཞུ་མཚམས་འཇོག་བྱས་པའི་སྦྲེལ་ཚུགས་ཚང་མ་སླར་གསོ་བྱས་པས་འཕྲིན་གཏོང་ཞབས་ཞུའི་ནུས་པ་ས་ཡོམ་མ་བརྒྱབ་གོང་གི་ཆུ་ཚད་དུ་སླེབས་ཡོད།
——གློག་ཤུགས་ཐད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་མྱུར་བཟོ་བྱེད་མཁན་མི་301དང་རླངས་འཁོར་39བཏང་བ་དང་ཚེས་24ཉིན་གྱི་ཆུ་ཚོད་20དང་སྐར་མ་38ལ། དམའ་གནོན་སྟེགས་ཁུལ་མཇུག་ཤོས་དེ་མྱུར་བཟོ་བྱས་ཟིན་པ་དང་བསྟུན་ནས་ཡོམ་ཁུལ་གྱི་གློག་མཁོ་འདོན་ཕྱོགས་ཡོངས་ནས་སླར་གསོ་ཐུབ་ཡོད།
——ཆུ་མཁོ་འདོན་ཐད། དམར་རུ་ཤང་གི་ཁྲོན་པའི་འགྲམ་དུ་འཁོར་ཐོག་འཁྱགས་འགོག་གཙང་གསིང་ཆུ་ཚིགས་བཙུགས་པ་དེས་ཆུ་ཚོད་རེར་ཁྲོན་ཆུ་ཏུན་2གཙང་མ་བཟོ་ཐུབ་པ་དང་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཟིན་ཡང་འཁོར་སྐྱོད་ཐུབ་པས་མང་ཚོགས་ཐག་རིང་པོར་ཆུ་ལེན་པར་འགྲོ་དགོས་ཀྱི་མེད།
བཀོད་སྒྲིག་བྱེད་པ་དང་ཆབས་ཅིག་ཞོར་ཐོན་གནོད་འཚེ་སྔོན་འགོག་གི་འགོག་སྲུང་འཛིང་རགས་ཀྱང་ཚགས་ཚུད་ཡོང་བར་སྐུལ་འདེད་བཏང་ཡོད། ཚེས་24ཉིན་གྱི་ཆུ་ཚོད་12བར། ཡོམ་ཁུལ་དུ་ཁྱོན་བསྡོམས་ཡོམ་འཕྲོ་ཐེངས་892བརྒྱབ་པ་དང་ཡོམ་འཕྲོ་ཆེ་ཤོས་རིམ་པ་4.5ཟིན་ཡོད། རིགས་གཅིག་མཁས་ཅན་གྱིས་ཡོམ་ཁུལ་དུ་གཞི་ཁྱོན་ཆེ་བའི་ས་གཤིས་གནོད་འཚེ་ཐོན་པའི་ཉེན་ཁ་བལྟོས་བཅས་ཀྱིས་ཆུང་ཡང་རི་གཟར་དང་། གྲོང་ཚོ། གཞུང་ལམ་རྒྱུད་བཅས་ཀྱི་ས་ཆ་ཁག་གཅིག་ཏུ་སྔར་བཞིན་གནོད་འཚེའི་ཉེན་ཁར་དོགས་ཟོན་བྱེད་དགོས་པའི་ཞིབ་འཇུག་བརྡར་གཅོད་བྱས་ཡོད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་རིགས་གཅིག་མཁས་ཅན་དང་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་སྡོད་ཁང་གི་བདེ་འཇགས་ལ་གསལ་འབྱེད་དང་གངས་ཆེན་ཤང་གི་སྲིད་འཛིན་གྲོང་ཚོ་16ལ་རེས་སྐོར་དང་པོའི་གྲལ་བཤེར་གསལ་འབྱེད་བྱས་ཟིན་ཡོད།
འདས་ཟིན་པའི་ཆུ་ཚོད་72ལ། ཕྱིར་མིག་ལྟ་སྐབས་གྱང་རོའི་ཁྲོད་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་འཚོལ་ཞིབ་དང་། གུར་ནང་གི་ལྟོ་ཆས་ཚ་པོ་ཕོར་པ་རེ་རེ། ཀྲོང་ངེར་བསླངས་པའི་སྒྲིག་ཁང་སྟར་པ་རེ་རེ་བཅས་བསྐྲུན་ཟིན་ནའང་བྱང་རྩྭ་ཐང་གི་རླུང་བུ་སྔར་བཞིན་གྲང་ངར་ཆེ།
འོན་ཀྱང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཕན་ཚུན་ལྟ་སྐྱོང་འོག་ས་མཐོའི་བུ་ཕྲུག་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་གྱིས་གནོད་འཚེ་ལས་རྣམ་པར་རྒྱལ་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཀྱི་གདེང་ཚོད་དང་ཆོད་སེམས་ཡོད་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
འབྲེལ་ཡོད་གསར་འགྱུར།