རང་ལྗོངས་ཀྱིས་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ།
ཉེ་ཆར། རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”གསར་སྤེལ་ཁུལ་གྱི་འཕེལ་རྒྱས་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ནས། གསར་སྤེལ་ཁུལ་གྱི་རིམ་པ་མང་བ་དང་ཆུ་ཚད་མཐོ་བའི་སྒོ་དབྱེའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གྱི་གྲས་ཤིག་ཏུ་བརྩིས་ཡོད།
བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”གསར་སྤེལ་ཁུལ་འཕེལ་རྒྱས་འཆར་འགོད་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཕྱི་རྒྱལ་མ་དངུལ་དང་ཕྱི་རྒྱལ་དཔལ་འབྱོར་ཁྲུའི་ཁྲུའུ་ཀྲང་ཝང་ཡོན་སི་ཡིས་སྒོ་དབྱེའི་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་ངོ་སྤྲོད་བྱས་པ་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རང་ལྗོངས་ཀྱིས་གསར་སྤེལ་ཁུལ་དེ་སྒོ་དབྱེའི་ལྟེ་བར་བརྩིས་ནས་ལམ་ལུགས་ཀྱི་རྣམ་པ་དང་། ལས་སྟེགས་ཀྱི་རྣམ་པ། བགྲོད་ལམ་གྱི་རྣམ་པ་བཅས་ཕྱོགས་ཡོངས་ཀྱི་སྒོ་དབྱེའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དང་། “ལྟེ་གནས་གཅིག་གིས་ཁྲིད་སྟོན་དང་། ཤར་ནུབ་གཞོགས་གཉིས་ནས་འདེགས་སྐྱོར། ལས་སྟེགས་མང་པོ་མཉམ་འགུལ”བཅས་ཀྱི་སྒོ་དབྱེའི་བཀོད་པ་མགྱོགས་མྱུར་བསྐྲུན་པ། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དང་། མཐོ་གསར་ལག་རྩལ་ཁུལ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་བཅས་ལ་བརྟེན་ནས་ལྟེ་བའི་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་དང་། “ཁུལ་གཅིག་དང་གླིང་མང”གི་ས་ཁོངས་བརྒལ་བའི་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ས་གྲོལ་མཐུན་སྦྱོར་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་སྒྲོལ་སྒོ་དབྱེའི་ལམ་ལུགས་དང་བགྲོད་ལམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་སྤྱིའི་སྤེལ་རེས་ལས་སྟེགས་སྟོབས་ཆེར་གཏོང་བ། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་སྤུས་འབྲས་ལེགས་གཉེར་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།