དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་པེར་ཀྲེམ་གྱི་རྒྱལ་པོ་ཧྥེ་ལི་ཕུའུ་ཡིས་ཀྲུང་གོ་དང་པེར་ཀྲེམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རེས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-27

    ཟླ་10ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པེར་ཀྲེམ་གྱི་རྒྱལ་པོ་ཧྥེ་ལི་ཕུའུ་ཡིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རེས་གནང་སྟེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་55སོང་ཚུན། ཀྲུང་གོ་དང་པེར་ཀྲེམ་གྱིས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་མཐའ་འཁྱོངས་བྱས་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་བྱུང་ཡོད། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་བཀྲག་མདངས་འཚེར་ས་མང་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་འགྲོ་འོང་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། ངས་ཀྲུང་གོ་དང་པེར་ཀྲེམ་གྱི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། རྒྱལ་པོ་ཧྥེ་ལི་ཕུའུ་དང་ལྷན་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་པེར་ཀྲེམ་གྱི་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་བྱས་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།

    ཧྥེ་ལི་ཕུའུ་ཡིས་གསུངས་དོན། ཕྱི་འབྲེལ་བཙུགས་ཚུན། ཀྲུང་གོ་དང་པེར་ཀྲེམ་དབར་རྒྱ་ཁྱབ་དང་སྣ་མང་གི་མཉམ་ལས་འབྲེལ་བ་བཙུགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2014ལོར་པེར་ཀྲེམ་ལ་རྒྱལ་དོན་འཚམས་འདྲི་གནང་བ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཕྱོགས་གཉིས་པོས་འདས་ཟིན་པའི་ལོ་ངོ་55ཡི་རྨང་གཞིའི་ཐོག་མུ་མཐུད་སྒོ་དབྱེ་གླེང་མོལ་ལ་སྐུལ་འདེད་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་གཏོང་བ། ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། པེར་ཀྲེམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དོ་སྙོམས་གཉིས་ཕན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་བཅག་ནས་ཞི་བདེ་དང་། བརྟན་ལྷིང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།