གངས་རི་བརྒལ་སྐབས་སྣུམ་སྒྲོན་ཞིག་བཞག་དོན་གང་ཡིན།

འདི་ནི་དམར་དམག་རྒྱང་སྐྱོད་སྐབས་བརྒྱུད་མྱོང་བའི་པའོ་ཤིང་རྫོང་ཆའོ་ཆི་བོད་རིགས་ཤང་ཅ་ཅིན་ཧྲན་གྲོང་ཚོ་ཡིན་པ།(2025ལོར་མི་མེད་གནམ་གྲུས་བརྒྱབ་པའི་པར)

འདི་ནི་2026ལོའི་ཟླ་10ཚེས་11ཉིན། དམར་དམག་རྒྱང་སྐྱོད་སྐབས་ཅ་ཅིན་ཧྲན་རི་བོ་བརྒལ་བའི་དྲན་གསོ་ཁང་དུ་མཱ་ཧྭ་ཡིས་སྐབས་དེ་དུས་དམར་དམག་གིས་སྤོ་བོ་ལགས་ལ་སྤྲད་པའི་སྣུམ་སྒྲོན་ལ་ལྟ་བཞིན་པ།

འདི་ནི་2025ལོའི་ཟླ་9ཚེས་23ཉིན་སི་ཁྲོན་པའོ་ཤིང་ཆའོ་ཆི་བོད་རིགས་ཤང་ཅ་ཅིན་ཧྲན་གྲོང་ཚོ་ནས་པར་བརྒྱབ་པའི་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་སྐབས་ཀྱི་ཆའོ་ཆིའི་སྡོད་གནས་རྙིང་པ་ཡིན་པ།

འདི་ནི་2026ལོའི་ཟླ་10ཚེས་11ཉིན་སི་ཁྲོན་གཡག་རྔ་པའོ་ཤིང་རྫོང་དམར་དམག་ཐང་ཆེན་དུ་མཱ་ཧྭ་ཡིས་ཡུལ་སྐོར་བར་གསར་བརྗེའི་གཏམ་རྒྱུད་ཤོད་བཞིན་པ།

འདི་ནི་2026ལོའི་ཟླ་10ཚེས་11ཉིན་དམར་དམག་རྒྱང་སྐྱོད་སྐབས་ཅ་ཅིན་ཧྲན་རི་བོ་བརྒལ་བའི་དྲན་གསོ་ཁང་ནས་པར་བརྒྱབ་པའི་སྣུམ་སྒྲོན་དང་མཱ་ཏེང་ཧུང་གི་པར་ཡིན་པ། (གཡས་ཀྱི་སྟོད)

འདི་ནི་དམར་དམག་རྒྱང་སྐྱོད་སྐབས་བརྒྱུད་མྱོང་བའི་ཅ་ཅིན་ཧྲན་རི་བོ་ཡིན་པ། (དཔྱད་གཞིའི་པར་རིས)

འདི་ནི་དམར་དམག་རྒྱང་སྐྱོད་སྐབས་བརྒྱུད་མྱོང་བའི་ཅ་ཅིན་ཧྲན་རི་བོ་ཡིན་པ། (དཔྱད་གཞིའི་པར་རིས)
སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་པའོ་ཤིང་རྫོང་དམར་དམག་རྒྱང་སྐྱོད་སྐབས་ཅ་ཅིན་ཧྲན་རི་བོ་བརྒལ་བའི་དྲན་གསོ་ཁང་དུ་སྣུམ་སྒྲོན་ཞིག་བཤམས་ཡོད། དེར་བཙའ་བརྒྱབ་པ་དང་སྒྲོན་ཁེབས་སེར་པོར་གྱུར་བ་དེ་ཁ་བ་བུ་ཡུག་ཁྲོད་ནས་ཐོན་པ་ལྟར་སྣང་། ཆེས་སྤྱིར་བཏང་གི་སྣུམ་སྒྲོན་དེས་དམར་དམག་དང་འགྲོགས་ནས་དཀའ་ཚེགས་ཆེན་པོས་གངས་རི་བརྒལ་ཏེ་རྒྱང་སྐྱོད་ལམ་བར་དུ་དམར་དམག་དང་ས་གནས་དེ་གའི་བོད་རིགས་མི་སེར་དབར་ཕན་ཚུན་ལྟ་སྐྱོང་བྱེད་པའི་ཉ་ཆུ་ལྟ་བུའི་བརྩེ་དུང་གི་དཔང་པོ་བྱས།
ཅ་ཅིན་ཧྲན་རི་བོ་ནི་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་པའོ་ཤིང་རྫོང་དང་རྔ་པ་ཀྲོའུ་མའོ་ཀུང་རྫོང(དེང་གི་བཙན་ལྷ་རྫོང)གི་འབྲེལ་མཚམས་སུ་གནས་ཤིང་། སི་ཁྲོན་ནུབ་རྒྱུད་ཀྱི་ཐང་གཤོངས་དང་སི་ཁྲོན་ནུབ་བྱང་ས་མཐོ་འབྲེལ་བའི་འགག་རྩའི་འཐབ་ཇུས་ཀྱི་འགག་སྒོ་ཞིག་རེད། ས་གནས་དེ་གར“ཅ་ཅིན་ཧྲན་རི་བོར་བྱིའུ་འཕུར་མི་ཐུབ་ལ་མི་དཀྱུས་མས་དེ་བས་འཛེག་མི་ཕོད། གལ་ཏེ་ཅ་ཅིན་ཧྲན་རི་བོ་བརྒལ་ཐུབ་ན་དེ་ནི་སྤྱིར་བཏང་བ་ཞིག་གཏན་ནས་མིན”ཞེས་པའི་དམངས་གཞས་གཏོང་སྲོལ་ཡོད།
1935ལོའི་ཟླ་6པར། དམར་དམག་གི་སྔོན་སྐྱོད་དམག་དཔུང་ཅ་ཅིན་ཧྲན་རི་བོའི་ལྷོ་འདབས་ཀྱི་པའོ་ཤིང་རྫོང་གི་ཆའོ་ཆིའི(དེང་གི་ཆའོ་ཆི་བོད་རིགས་ཤང)ས་མཚམས་སུ་སླེབས་པ་དང་། གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གི་ལོག་སྤྱོད་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་འོག་ཡུལ་དེའི་མི་སེར་རྣམས་སྐྲག་སྣང་ཆེན་པོ་བྱུང་ནས་གཅིག་རྗེས་གཉིས་མཐུད་ངང་རི་ཁུག་ཏུ་ཡིབ།
སྐབས་དེ་དུས་ཀྱི་བོད་རིགས་ཕོ་གཞོན་ཐེ་པ་ནི་གནས་ཚུལ་དེ་དངོས་སུ་བརྒྱུད་མྱོང་མཁན་ཞིག་ཡིན་པ་དང་ཁོང་གི་ཚ་མོ་མཱ་ཧྭ་ཡིས“སྤོ་བོ་ལགས་ཀྱིས་དམག་དཔུང་དེ་གང་འདྲ་ཞིག་ཡིན་ནམ་སྙམ་ནས་ཡ་མཚན་ཆེན་པོས་རི་ནས་གྲོང་ཚོར་ལོག”ཅེས་སྐབས་དེ་དུས་ཀྱི་སྐོར་བཤད། མཱ་ཧཱ་ཡིས། དམར་དམག་འཐབ་འཛིང་པ་ཚོར་འཁྱག་ལྟོགས་དང་བཀྲེས་སྐོམ་གང་ཞིག་བྱུང་རུང་མི་སེར་གྱི་ནང་དུ་མི་འཛུལ་བ་དང་མི་སེར་གྱི་ཁབ་སྐུད་ཙམ་ཡང་མི་འཁྱེར་ལ། གལ་སྲིད་ཅ་དངོས་ཡིན་གཅིག་བེད་སྤྱོད་གཏོང་དགོས་བྱུང་ཚེ་ཡི་གེ་དང་དངུལ་འདང་ངེས་བཞག་གི་ཡོད་པ་དེ་ནི་སྒྲིག་ཁྲིམས་ནན་ལ་དམངས་གཅེས་དམངས་རོགས་ཀྱི་དཔུང་ཁག་ཅིག་ཡིན་པ་སྤོ་བོ་ལགས་ཀྱིས་ཤེས་རྟོགས་བྱུང་ཡོད་ཅེས་བཤད།
དམར་དམག་གྲོང་ཚོར་སླེབས་རྗེས། ཏང་གི་མི་རིགས་སྲིད་ཇུས་ལག་ལེན་ནན་པོ་བསྟར་ནས་མང་ཚོགས་ལ་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་དམར་དམག་གི་སྒྲིག་ཁྲིམས་དྲིལ་བསྒྲགས་བྱས་ནས། དམར་དམག་ནི་དབུལ་པོ་ལས་གྲུབ་པའི་དཔུང་སྡེ་དང་། ཡུལ་གྱི་གཤེད་མ་དང་མི་དྲག་ངན་པ་གཏོར་ནས་མི་སེར་ལ་སྲུང་སྐྱོབ་བྱེད་མཁན་ཞིག་རེད་ཅེས་བཤད་པས། ས་གནས་དེ་གའི་མི་སེར་གཅིག་རྗེས་གཉིས་མཐུད་ངང་གྲོང་ཚོར་ལོག་པ་དང་དཔུང་སྡེ་དེར་སྐྲག་སྣང་མི་བྱེད་པར་བརྩི་བཀུར་ཞུ་གི་ཡོད།
ཐེ་པ་ནི་གྲོང་ཚོའི་ས་དབྱིབས་ལ་རྒྱུས་མངའ་ཆེ་བའི་རྔོན་པ་ཞིག་རེད། དམར་དམག་གངས་རི་བརྒལ་དགོས་པ་ཤེས་རྗེས་ཁོང་གིས་རང་འགུལ་ངང་སྣེ་ཤན་པ་བྱས། ཁོང་གི་སྣེ་ཁྲིད་འོག་ཡུལ་མི་མི་ཉུང་བ་ཞིག་གཅིག་རྗེས་གཉིས་མཐུད་ངང་སྣེ་ཤན་པའི་དཔུང་ཁག་ནང་ཞུགས། རྡོག་ཐོན་མ་བྱས་གོང་ས་གནས་དེ་གའི་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་རང་ཁྱིམ་ནས་མེ་ཤིང་དང་བཟའ་བཅའ་སོགས་འཁྱེར་ཏེ་དམར་དམག་ལ་སྤྲད།
ཟླ་6ཚེས་12ནས་18ཉིན་བར་ཐེ་པ་སོགས་སྣེ་ཤན་པས་ཅ་ཅིན་ཧྲན་རི་བོའི་ལྷོ་བྱང་འདབས་སུ་ཀྲུང་དབྱང་དམར་དམག་གི་གཙོ་ཤུགས་དམག་ལ་གཞོགས་འདེགས་བྱས་ཏེ་གངས་རི་བརྒལ་ནས་མཐར་མའོ་ཀུང་ཏ་ཝུའེ་རུ་ཀྲུང་གོ་བཟོ་ཞིང་དམར་དམག་ཅུན་ཤོག་བཞི་པ་དང་དཔུང་འཛོམས་བྱུང་བ་རེད། ཁ་གྱེས་ཁར། དམར་དམག་གི་འཐབ་འཛིང་པ་ཞིག་གིས་ལག་ནང་གི་སྣུམ་སྒྲོན་དེ་ཐེ་པར་སྤྲད་པ་དང་འབྲེལ། ཁོང་ལ་རྒྱ་རིགས་ཀྱི་མིང“མཱ་ཏེང་ཧུང”ཞེས་བཏགས་པ་དེ་ཐོག་ནས་སྣུམ་སྒྲོན་ཞིག་གིས་གསར་བརྗེའི་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱས་པ་མཚོན་གྱི་ཡོད།
མཱ་ཧྭ་ཡིས“ལོ་རབས་དེའི་སྐབས་སུ་ས་གནས་དེ་གའི་མི་སེར་ཚོ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོད་པས་སྣུམ་སྒྲོན་ཉོ་རྒྱུ་ནི་གླེང་ཐབས་བྲལ་བ་ཞིག་རེད། སྤོ་བོ་ལགས་ཀྱིས་སྣུམ་སྒྲོན་དེར་གཅེས་སྤྲས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད་པ་དང་། མ་གཞི་བྱས་ན་ཁོང་གི་ཁྱིམ་རྒྱུད་དུ་རྒྱ་རིགས་ཀྱི་རུས་མིང་མེད་ཀྱང་། དམར་དམག་དབར་གྱི་བརྩེ་སེམས་ནམ་ཡང་བློ་ལ་བརྟན་པོར་འཆང་ཆེད་སྤོ་བོ་ལགས་ཀྱིས་རང་ཉིད་ཀྱི་མིང“མཱ་ཏེང་ཧུང”ཞེས་པར་བསྒྱུར་རྗེས“མཱ”ཞེས་པ་ཁྱིམ་རྒྱུད་ཀྱི་རུས་མིང་ལ་གྱུར་པ་དང་། གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།