སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོ་སྦྲེལ་མཐུད་བྱེད་པ། ཐོན་ལས་ལ་མཐུན་རྐྱེན་སྦྱོར་བ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་བ།
ཟླ་11ཚེས་5ནས་10ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ(ནང་འདྲེན་འགྲེམས་ཚོགས)རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས(ཧྲང་ཧའེ)སུ་གཉེར་རྒྱུ་རེད། འཛམ་གླིང་ཐོག་གི་ནང་འདྲེན་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་ཐོག་མ་དེ་ཡིན་པའི་ངོས་ནས་དེ་གོང་གི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་དང་ས་ཁུལ་180ལྷག་ཙམ་གྱི་ཁེ་ལས་ཁྲི་2.7འགྲེམས་སྟོན་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་འདོད་མཐུན་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་5800ལྷག་ཙམ་ཟིན་ནས། “འགྲེམས་རྫས་ཚོང་ཟོག་ལ་འགྱུར་བ”མ་ཟད“འགྲེམས་ཞུགས་ཚོང་པ་མ་འཇོག་ཚོང་པར་འགྱུར་བའི”འབྲེལ་ཟམ་བཙུགས་ཏེ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྲུང་གོར་ཡོང་བ་དང་ཀྲུང་གོར་གཞི་ཚུགས་པའི་སྒོ་མོ་གལ་ཆེན་ཞིག་ཏུ་གྱུར་ཡོད། དུས་བཀག་ལྟར་གཉེར་བ་དང་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་སུ་འགྲོ་བའི་ནང་འདྲེན་འགྲེམས་ཚོགས་དེ་ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོ་སྦྲེལ་མཐུད་བྱེད་པ། ཐོན་ལས་ལ་མཐུན་རྐྱེན་སྦྱོར་བ། དམངས་འཚོར་ཕན་པ་འདོགས་པ་བཅས་ཀྱི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་བ་རེད།
སྒོ་དབྱེའི་ཁ་ཆད། ཀྲུང་གོའི་གོ་སྐབས་མཉམ་སྤྱོད་བྱེད་པ།
ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པར་ཞུགས་མཁན་ཁེ་ལས་169དང་ཕྱི་རྒྱལ་གྱི་འགྲེམས་ཚོགས་སྒྲིག་འཛུགས་སྒྲིག་གཞི་30ནི་ནང་འདྲེན་འགྲེམས་ཚོགས་སྐབས་ཚང་མར་ཞུགས་པ་དང་། འགྲེམས་ཞུགས་ཚོང་པ་50%ནི་དེ་གོང་ཞུགས་མྱོང་བ་དང་འགྲེམས་སྟོན་རྒྱ་ཁྱོན་གྱི་80%ཙམ་ཁྱབ་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཡིད་དབང་འགུག་ནུས་ཆེན་པོ་ཡོད་དོན་ནི་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་མཐའ་འཁྱོངས་དང་འཛམ་གླིང་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཡོང་བར་འབད་བརྩོན་ལྷོད་མེད་བྱས་པ་ལས་བྱུང་བ་ཞིག་རེད།
ལོ་མང་རིང་ནང་འདྲེན་འགྲེམས་ཚོགས་ཀྱིས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་འགྲེམས་ཞུགས་ཚོང་པར་རིན་མེད་འགྲེམས་གནས་མཁོ་འདོན་བྱས་པ་དང་། ད་ལོ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ཐོན་རྫས་ཆེད་ཁུལ་རིམ་སྤོར་བྱས་པ་མ་ཟད། ཨ་ཧྥེ་རི་ཁའི་ཕྱི་འབྲེལ་འཛུགས་མཁན་རྒྱལ་ཁབ་ལ“སྒོ་ཁྲལ་མེད་པའི”གོ་སྐབས་དམ་འཛིན་བྱེད་རོགས་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དེ་བས་མང་བར་ནང་འདྲེན་འགྲེམས་ཚོགས་ཀྱི་ལས་སྟེགས་ཡག་པོ་སྤྱོད་རྒྱུའི་ལྕག་སྐུལ་བྱས་པ་རེད།
ཁོ་ཐེ་ཏི་ཝོར་ཕྱིར་གཏོང་ཅུས་ཀྱིས་ད་ལོའི་ཟླ་8པའི་ཟླ་འགོར་ཁེ་ལས་འབྲིང་ཆུང་གི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པར་ཞུགས་ནས་ཀོག་ཧྥེ་དང་། ཤིང་འབྲས་སྐམ་པོ། ཁོ་ཁོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་འཚོང་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་ལྟེ་གནས་ཀྱིས་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་རིང་། “རྒྱལ་སྒྲོལ་ཁེ་ལས་པའི་སྤྲོ་སྐྱིད་ཁང”དངོས་སུ་བཙུགས་ནས་རྒྱལ་ནང་གི་ཁེ་ལས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནང་ཞུགས་རྒྱུར་རྒྱུན་རྣམ་ཅན་གྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
ཕྱོགས་གཉིས་ནས་མཐུན་རྐྱེན་སྦྱོར་བ་དང་གོ་ལ་ཧྲིལ་པོའི་གསར་གཏོད་ཁྲོད་མཉམ་དུ་ཞུགས་པ།
ད་ལོའི་ཟླ་8པར། འཇར་མན་གྱི་སྨན་རྫས་ཁེ་ལས་པོ་ལིན་ཀེ་དབྱིན་ཀེ་ཧན་གྱིས་ཀྲུང་གོར་ཕྱོགས་པའི་འཐབ་ཇུས་སླར་ཡང་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་ཧྲང་ཧའེ་ཀྲང་ཅང་དུ་ཞིབ་འཇུག་གསར་སྤེལ་ལྟེ་གནས་གསར་པ་ཞིག་འཛུགས་ཉེར་ཡོད་པ་རེད། ལོ་8བསྟུད་མར་འགྲེམས་སྟོན་ལ་ཞུགས་མྱོང་བའི་པོ་ལིན་ཀེ་དབྱིན་ཀེ་ཧན་གྱིས་རིམ་རྩིས་བརྒྱབ་ན་སྐབས་གོང་མའི་ནང་འདྲེན་འགྲེམས་ཚོགས་དག་ལ་གསར་གཏོད་ཐོན་རྫས་དང་ཐག་གཅོད་ཇུས་གཞི་50ཙམ་འགྲེམས་སྟོན་བྱས་པར་གྲུབ་འབྲས་མང་པོ་ཞིག“འགྲེམས་རྫས”ནས“ཚོང་ཟོག”བར་མཆོང་སྐྱོད་བྱུང་ཡོད། 2025ལོ་ནས་བཟུང་ཁེ་ལས་དེའི་སྨན་གསར་པ་མང་པོ་ཞིག་ཀྲུང་གོར་ཆོག་མཆན་ཐོབ་ནས་ཁྲོམ་རར་བཏོན་པའི་ནང་ཐོན་རྫས་ཁག་གཅིག་གོ་ལ་ཧྲིལ་པོར་དུས་གཅིག་ཏུ་ཆོག་མཆན་ཐོབ་པ་དང་ཐ་ན་གོ་ལ་ཧྲིལ་པོར་ཐོག་མར་བཏོན་པ་རེད།
རྒྱལ་སྒྲོལ་ཁེ་ལས་མང་པོ་ཞིག་གི་ངོས་ནས་བརྗོད་ན། ནང་འདྲེན་འགྲེམས་ཚོགས་ནི་གོ་ལ་ཧྲིལ་པོའི་ཐོན་རྫས་གསར་པའི་འགྲེམས་སྟེགས་ཐོག་མ་དེ་ཡིན་ལ། གོ་ལ་ཧྲིལ་པོའི་གསར་གཏོད་དང་ཀྲུང་གོའི་ཁྲོམ་ར་ཕྱོགས་གཉིས་ནས་མཐུན་རྐྱེན་སྦྱོར་བའི་འཇུག་སྒོ་ཞིག་ཀྱང་རེད། འཇར་མན་གྱི་རྫས་འགྱུར་བཟོ་ལས་དང་འཛད་རྫས་བཟོ་མཁན་ཧན་ཀའོ་ད་ལོ་ནང་འདྲེན་འགྲེམས་ཚོགས་ལ་ཞུགས་ཐེངས་བརྒྱད་པ་ཡིན་པ་དང་། “སྟོབས་ཤུགས་མཉམ་དུ་གསོག ལེའུ་གསར་པའི་འགོ་རྩོམ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། གོ་ལ་ཧྲིལ་པོའི་ལག་རྩལ་གསར་ཤོས་དང་། གསར་གཏོད་ཐོན་རྫས། རྒྱུན་མཐུད་ཆོག་པའི་ཐག་གཅོད་ཇུས་གཞི་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྒྱུ་དང་འབྲེལ་ཀྲུང་གོའི་ཕུན་སུམ་ཚོགས་པའི་ཐོན་ལས་ཀྱི་རྣམ་པ་དང་འཛད་སྤྱོད་ཀྱི་དགོས་མཁོ་དང་སྦྲེལ་མཐུད་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
སྟེགས་བུ་བསྐྲུན་ནས་ཕན་འབྲས་ཆེ་རུ་གཏོང་བ།
རྒྱལ་སྟོན་གུང་གསེང་རིང་། ལུའེ་ཏི་ནང་འདྲེན་འགྲེམས་ཚོགས་ཚོང་འདུས་ལིན་ཀང་ཚོང་ཁང་དང་། སུའུ་ཀྲོའུ་ཚོང་ཁང་། ཧྥན་ལུང་ཐེན་ཏི་ཚོང་ཁང་བཅས་ཀྱིས་མཉམ་འགུལ་བྱེད་སྒོ་སྤེལ་ཏེ་ནང་འདྲེན་འགྲེམས་ཚོགས་ཐོག་བཏོན་པའི་རྒྱལ་ཁབ་མི་འདྲ་བའི་ཁྱད་ལྡན་ཚོང་ཟོག་དང་ཞིམ་ཟས་སོགས་འཛད་སྤྱོད་པའི་མདུན་དུ་གཅིག་སྡུད་ཐོག་བཤམས་ཤིང་། གུང་གསེང་གི་ཉིན་དང་པོ་ནས་གསུམ་པའི་བར། ལུའེ་ཏི་ཚོང་དོན་གྲུ་ཁའི་ཚོང་འདུས་སུ་རིམ་རྩིས་བརྒྱབ་ན་མི་འགྲུལ་མི་ཐེངས་ཁྲི་5ལྷག་ཙམ་ཟིན་པ་དང་ནང་འདྲེན་འགྲེམས་ཚོགས་ཐོག་བཏོན་པའི་བཟའ་བཅའ་དང་ནང་འདྲེན་བཟའ་བཅའི་རྒྱུ་ཆ་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་85%ལྷག་ཙམ་འཕར་ཡོད། ལུའེ་ཏི་ཚོང་དོན་གྲུ་ཁ་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཞུའེ་ཡིང་ཅེ་ཡིས། ནང་འདྲེན་འགྲེམས་ཚོགས་ཀྱི་གཏན་འཇགས་ཉོ་ཚོང་ལས་སྟེགས་ཤིག་ཡིན་པའི་ངོས་ནས་ལུའེ་ཏི་ཚོང་དོན་གྲུ་ཁས་རྒྱུན་ཆད་མེད་པར་སྤུས་རྟགས་གསར་པ་ནང་འདྲེན་དང་རྣམ་པ་གསར་པ་བཏོད་དེ་ནང་འདྲེན་འགྲེམས་ཚོགས་ཀྱི་ཕན་འབྲས་ཆེ་ཏུ་གཏོང་གི་ཡོད་ཅེས་བཤད།
ཧྲང་ཧའེ་པའེ་ལེན་ཚོགས་པས་དེ་གོང་གི་ནང་འདྲེན་འགྲེམས་ཚོགས་སྐབས་8ཀྱི་ཐོག་རིམ་རྩིས་བརྒྱབ་ན་བཟའ་བཅའ་དང་། འཛད་རྫས། སྨན་བཅོས་ཡོ་བྱད་སོགས་ཁྱབ་ཁོངས་ཀྱི་འདོད་མཐུན་ཉོ་སྒྲུབ་རྣམ་གྲངས་170བཞག་པ་དང་། ཕྱི་རྒྱལ་གྱི་སྤུས་རྟགས་ཚོང་པ་མང་པོ་ཞིག་དང་ཡུན་རིང་གི་མཉམ་ལས་འབྲེལ་བ་བརྟན་པོ་བཙུགས་ཏེ“འགྲེམས་རྫས་ཚོང་ཟོག་ལ་འགྱུར་བར”མུ་མཐུད་སྐུལ་འདེད་བཏང་བ་དང་ནང་འདྲེན་འགྲེམས་ཚོགས་ཀྱི“ཉིན་6+ཉིན་365”ཡི་ཉོ་ཚོང་ཞབས་ཞུའི་ལས་སྟེགས་ཀྱི་ཕན་འབྲས་གང་ལེགས་ཐོན་པར་བྱས་ཡོད། དེའི་ཁོངས་སུ་གཏོགས་པའི་པའེ་ལེན་མ་རྐང་གིས་མཛེས་འཆོས་སོགས་འཛད་རྫས་གཙོ་བོའི་རིགས་ཀྱི་ནང་འདྲེན་འགྲེམས་ཚོགས་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་དམིགས་ཏེ་མིག་སྔར་རྒྱལ་སྤྱིའི་མཛེས་འཆོས་སྤུས་རྟགས་80ལྷག་ཙམ་དང་མཉམ་ལས་གཏིང་ཟབ་བྱས་ནས་ཐབས་ལམ་ཡོངས་དྲ་རྒྱར་བརྟེན་ཏེ་ཕྱི་རྒྱལ་གྱི་ཐོན་རྫས་གསར་པ་མགྱོགས་མྱུར་ནང་འདྲེན་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།