ཡོམ་ཁུལ་གྱི་མཚན་ཞག་གཅིག
མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ། མི་དམངས་དྲ་བའི་གསར་འགོད་པ། ལི་ཧའེ་ཞ། ཚེ་རིང་ནོར་བུ།
ཟླ་10ཚེས་23ཉིན་གྱི་དགོང་མོ་ནི་རོགས་སྐྱོབ་སྟོབས་ཤུགས་ཕོན་ཆེན་གཅིག་སྡུད་ཐོག་ཡོམ་ཁུལ་དུ་འབྱོར་བའི་དགོང་མོ་དང་པོ་དེ་རེད།
བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་གྲོང་ཚོ་གཉིས་པར་ཟོག་འདྲེན་རླངས་འཁོར་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་སླེབས་པ་དང་། དེ་གར་འདེགས་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་སོགས་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་བཞིན་ཡོད་ཅིང་། ལུས་ལ་དམག་གོས་དང་། ལས་གོས། ཁན་སྦྱར་དམར་པོ་བཅས་གྱོན་པའི་མི་མང་པོ་བྲེལ་བས་ཁེངས་བཞིན་འདུག སྦྲ་གུར་ཚང་མའི་ནང་གློག་སྒྲོན་ཁྲ་ལྷམ་མེར་སྤར་བ་དང་ཕྱི་རོལ་དུའང་འཕྲལ་སྡོམ་གློག་སྒྲོན་ལྷམ་མེར་ཡོད་པས་མཚན་མོའི་སྨག་རུམ་འདི་ཉིན་མོ་ལྟར་དུ་སྣང་།
ཆུ་ཚོད་གཅིག་གོང་གི་ཁོད་སྙོམས་པའི་ས་ཆར་ད་ལྟ་སྒྲིག་ཁང་བརྒྱབ་པ་དང་། ད་གིན་ད་དུང་སྟོང་པར་ལུས་པའི་གུར་ནང་དུ་ལྕགས་ཐབ་སྤར་བ། ལམ་མདོའི་ས་ཆ་སྟོང་པར་སླེབས་མ་ཐག་པའི་རླངས་འཁོར་གྱིས་ཁེངས། འདི་ནི་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་མཚན་ཞག་ཅིག་རེད།
སྦྲ་ཆེན་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་རུ་དཔོན་བཀྲ་ཤིས་ཟླ་བས་ལྟོ་ཟ་ཁོམ་མེད་པར་གློག་བཞུ་ཁྱེར་ནས་གུར་རེ་རེའི་ནང་སྐོར་ཞིབ་བྱེད་དུ་སྐྱོད། “ལྕགས་ཐབ་ཉལ་ཁྲི་དང་བར་ཐག་རིང་ཙམ་འཇོག་དགོས། མཚན་མོ་རླུང་འགྲོར་དོ་སྣང་བྱེད་དགོས”ཞེས་ཁོང་གིས་རྒད་པོ་ཞིག་ལ་ལྕགས་ཐབ་གསར་པ་སྤྱོད་སྟངས་སློབ་བཞིན་དུ་མེ་སྐྱོན་སྔོན་འགོག་གི་དོན་ཚན་མང་ཚོགས་རྣམས་ལ་བཤད།
ནམ་སྨད་དུ་བཅའ་སྡོད་བྱ་ཡུལ་གྱི་ལས་བྱེད་པ་ཚོས་སྦྲ་གུར་ནང་དུ་གནོད་འཚེ་ཕོག་ཚུལ་ལ་སྔར་བཞིན་ཞིབ་བཤེར་དང་བཀོད་སྒྲིག་གནད་དོན་ལ་ཞིབ་འཇུག་བྱེད་བཞིན་ཡོད། བཀོད་སྒྲིག་བྱ་ཡུལ་གང་ཞིག་ལ་ད་དུང་ལྕགས་ཐབ་སྐྱེལ་དགོས་པ་དང་། བཀོད་སྒྲིག་བྱ་ཡུལ་གང་ཞིག་ཏུ་རྒན་རྒོན་དང་ཕྲུ་གུ་མང་བ། ཉིན་དེའི་ལས་ཀར་མི་འདང་ས་གང་ཞིག་ཡོད་པ། སང་ཉིན་དངོས་ཟོག་བཀོད་སྒྲིག་དང་བཀོད་གཏོང་ལས་དོན་བཀོད་སྒྲིག་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་ཐད་ཚང་མས་གླེང་མོལ་ཟབ་མོ་དང་ཞིབ་ཚགས་བྱེད་བཞིན་ཡོད། བཀོད་སྒྲིག་འགན་ལེན་ནས་བདེ་འཇགས་ཞིབ་བཤེར་བར་དང་དེ་ནས་འཕྲལ་སྡོམ་སྔོན་ཇུས་བར་ཚང་མས་འགན་འཁྲི་ཁག་བགོས་དང་ལག་བསྟར་བརྒྱུད་རིམ་རེ་རེ་བཞིན་གཏན་འཁེལ་བྱས།
ཟླ་10ཚེས་24ཉིན་གྱི་ཞོགས་པ་སྐྱ་མདའ་བཏང་མ་ཐག་དམར་རུ་ཤང་གི་རོགས་སྐྱོབ་བྱ་ཡུལ་དུ་བྲེལ་བརྩོན་གྱི་རྣམ་པས་ཁེངས་ཤིང་། གནོད་འཚེ་ཕོག་པའི་མང་ཚོགས་ལྟོ་ཚ་པོ་ཟ་རྒྱུ་ཡོང་ཆེད། དཔུང་སྡེ་དང་། དྲག་ཆས་ཉེན་རྟོག མེ་གསོད་རོགས་སྐྱོབ་མི་སྣ་བཅས་ཀྱིས་གནོད་འཚེ་ཚབས་ཆེན་ཕོག་པའི་ས་ཁོངས་སུ་ལྟོ་ཆས་མཁོ་འདོན་བྱས་པ་རེད།
ཚང་མས་ཆུ་གྲང་མོར་མ་འཛེམས་པར་ཚལ་གཙང་མར་བཀྲུས་པ་དང་ཐབ་ཚང་ནང་ལས་ཀ་བྱེད་མཁན་ཚོས་པང་རས་བཅིངས་ནས་སྐད་ཅིག་ཙམ་ཡང་ངལ་གསོ་རྒྱག་ཁོམ་མེད་པར་ཚལ་གཏུབ་པ་དང་བརྔོ་བར་བྲེལ་ཏེ་མང་ཚོགས་ལ་ག་དུས་ཡིན་ཡང་ལྟོ་ཚ་པོ་ཟ་རྒྱུ་ཡོང་བར་བྱས་ཡོད།
མཚན་མོ་དེར་ཡོམ་འཕྲོ་ཡང་ཡང་བརྒྱབ་མོད། འོན་ཀྱང་བཀོད་སྒྲིག་བྱ་ཡུལ་དུ་གོ་རིམ་ལྡན་ཞིང་མང་ཚོགས་ཕལ་ཆེ་བ་བློ་བདེ་པོའི་ངང་གཉིད་ལ་ཡུར། ཕྱི་ཉིན་ལས་བྱེད་པ་དང་མང་ཚོགས་ཚོས་མུ་མཐུད་ལག་གདང་སྦྲེལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་ལ་གཞོལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།