བཀོད་སྒྲིག་བྱ་ཡུལ་གྱི་སྨན་བཅོས་འགན་སྲུང་།
མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ། མི་དམངས་དྲ་བའི་གསར་འགོད་པ། ལི་ཧའེ་ཞ།
བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་གྲོང་ཚོ་གཉིས་པའི་བཀོད་སྒྲིག་བྱ་ཡུལ་གྱི་གུར་སྔོན་པོའི་ཐོག་གི“སྨན་བཅོས་ཚོགས་ཆུང”ཞེས་པའི་ཡིག་འབྲུ་དག་མངོན་གསལ་ཤིན་ཏུ་དོད།
ཟླ་10ཚེས་24ཉིན་ནམ་ལངས་རྗེས་སྨན་བཅོས་ཚོགས་ཆུང་གིས་སྨན་བཅོས་ལས་སྟེགས་གུར་གྱི་ཕྱི་རོལ་དུ་སྤོས། སྨན་བཅོས་ལས་སྟེགས་ཆེན་པོ་མེད་མོད། འོན་ཀྱང་ཆམ་པའི་སྨན་དང་། ཁྲག་ཤེད་སྨན། བོད་སྨན་སོགས་རྒྱུན་སྤྱོད་སྨན་རྫས་གང་དགོས་ཡོད་པས། བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཀྱི་རྒྱུན་མཁོའི་སྨན་རྫས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།
འདི་ག་ནི་དམར་རུ་ཤང་གྲོང་ཚོ་གཉིས་པའི་སྨན་བཅོས་ཞབས་ཞུའི་ས་ཚིགས་རེད་ལ། སྙན་རོང་རྫོང་མི་དམངས་སྨན་ཁང་དང་སྦྲ་ཆེན་རྫོང་སྨན་རྩིས་ཁང་གིས་མཉམ་དུ་བཙུགས་པའི་གནས་སྐབས་ཏང་ཀྲི་པུའི་བཅའ་སྡོད་བྱ་ཡུལ་ཡང་རེད། དེ་གའི་སྨན་དོན་མི་སྣ་11ཁྲོད་ཏང་ཡོན་5ཡོད་པ་དང་ཚང་མས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་ཆེ་ཤོས་སྐོང་བཞིན་ཡོད།
གསར་འགོད་པ་སྨན་དོན་མི་སྣ་དང་མཉམ་དུ་དུད་ཚང་ལ་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད་དེ་རྒན་རྒོན་ལ་ཁྲག་ཤེད་ལྟ་རོགས་བྱེད་ཅིང་། “ཁྲག་ཤེད་ལ་སྐྱོན་མིན་འདུག ཁྱེད་རང་བློ་བདེ་པོ་གནང་། ཏང་དང་སྲིད་གཞུང་ལ་ཡིད་ཆེས་བྱེད་དགོས། གནས་ཚུལ་ལེགས་སུ་འགྲོ་ངེས་རེད”ཅེས་སྦྲ་ཆེན་རྫོང་སྨན་རྩིས་ཁང་གི་སྨན་དོན་པ་སྲིད་བཟང་གིས་ངང་རྒྱུད་རིང་པོས་བཤད་པར་རྒན་རྒོན་རྣམས་བློ་བདེ་པོ་བྱུང་ཡོད།
“ང་ཚོས་སྒོ་རྩར་སྨན་བཅོས་བྱེད་པར་སྐྱོད་ཀྱི་ཡོད་པ་དང་ལྷག་པར་དུ་རྒན་རྒོན་དང་། ཕྲུ་གུ གཅོང་ནད་ཡོད་པའི་ནད་པ་སོགས་གཙོ་གནད་མི་ཚོགས་ལ་དོ་ཁུར་བྱེད་ཀྱི་ཡོད། དགོས་ངེས་སྐབས་སྒོ་རྩར་སྨན་བཅོས་བྱེད་པར་སྐྱོད་ཀྱི་ཡོད”ཅེས་སྙན་རོང་རྫོང་མི་དམངས་སྨན་ཁང་གི་གཙོ་གཉེར་ནད་སྐྱོང་བ་ཀྲའོ་ཧུའེ་ཡིས་བཤད།
སྦྲ་ཆེན་རྫོང་གངས་ཆེན་ཤང་གི་བཀོད་སྒྲིག་བྱ་ཡུལ་དུ་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་པ་སངས་ཚེ་རིང་གིས་མང་ཚོགས་ཀྱི་གཟུགས་པོའི་གནས་ཚུལ་འདྲི་རྩད་ཞིབ་ཕྲ་བྱས་ནས་སྨན་ཁང་གིས་སྡེབ་སྦྱོར་ཞིབ་ཚགས་བྱས་པའི་བོད་སྨན་ཚང་མར་སྤྲད་པ་རེད།
ཟླ་10ཚེས་23ཉིན་ནས་བཟུང་། ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་བཅོས་རུ་ཁག་གིས་བཀོད་སྒྲིག་བྱ་ཡུལ་3ལ་སྐོར་སྐྱོད་སྨན་བཅོས་བྱས་ནས་འདྲི་རྩད་ཞིབ་ཚགས་དང་རིན་མེད་ངང་བོད་སྨན་སྤྲད་པ་རེད། ཉིན་གཅིག་རིང་། སྨན་བཅོས་རུ་ཁག་གིས་རིམ་རྩིས་བརྒྱབ་ན་མི་ཐེངས་460ལ་སྨན་བཅོས་བྱས་པ་དང་། སྨན་བཅོས་རུ་ཁག་གིས་ནད་ཡམས་སྔོན་འགོག་ཚོད་འཛིན་དང་། སེམས་གསོ་གཏོང་བ། བདེ་ཐང་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་མུ་མཐུད་སྤེལ་རྒྱུ་རེད།
ནད་ཡམས་ཚོད་འཛིན་པས་དུག་སེལ་སྒྲིག་ཆས་འཁྱེར་ནས་གང་སར་བསྐྱོད་དེ་ཚང་མའི་འཐུང་ཆུ་དང་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་བྱས་པ་རེད། ནག་ཆུ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་གིས“ནད་ཡམས་སྔོན་འགོག་ཚོད་འཛིན་པའི་ལས་དོན་ནི་དུག་སེལ་དང་། འགོས་ནད་སྔོན་འགོག་ཚོད་འཛིན་ལ་ལྟ་ཞིབ་ཚད་ལེན། ཆུ་སྤུས་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ཐད་གཅིག་སྡུད་བྱས་ཡོད། དམར་རུ་ཤང་གི་གྲོང་ཚོ་གཉིས་པའི་བཀོད་སྒྲིག་བྱ་ཡུལ་ཁོ་ནར་ནད་ཡམས་སྔོན་འགོག་ཚོད་འཛིན་པ་30ཙམ་ཡོད”ཅེས་ངོ་སྤྲོད་བྱས།
སྨན་བཅོས་ཚོགས་ཆུང་གིས་ད་དུང་ཆེད་མངགས་སེམས་གསོ་གཏོང་བ་དང་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད་པ་དང་། དགོས་ངེས་སྐབས་གཅིག་གཏད་གཅིག་གི་འཚམས་འདྲི་ཡང་བྱེད་ཀྱི་ཡོད།
གནོད་འཚེ་ཕོག་པའི་མང་ཚོགས་ཚོའི་ངོས་ནས་བརྗོད་ན། དེ་ལྟ་བུའི་སྨན་བཅོས་འགན་ལེན་ཡོད་པས་ཁོང་ཚོའི་སེམས་ནང་ཡིད་ཆེས་དེ་བས་ཆེ་རུ་འགྲོ་ངེས་རེད།
འབྲེལ་ཡོད་གསར་འགྱུར།