མི་སྒེར་གྱི་རྩིས་ཁྲའི་མ་དངུལ་ཞིང་ཆེན་བསྒྲལ་ནས་རོགས་སྐྱོར་ བྱ་རྒྱུ་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པ།
སྨན་བཅོས་འགན་བཅོལ་གྱི་ལས་སྟེགས་པར་གཞི་2.0ཇི་ལྟར་སྤྱོད་དགོས་སམ།
ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྱི་ལས་སྟེགས་པར་གཞི་2.0ལ་རིམ་སྤོར་བྱས་ཏེ། ད་ལོའི་ཟླ་10ཚེས་16ཉིན་ནས་བཟུང་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཚང་མར་དྲ་ཐོག་ནས་སྤྱོད་འགོ་ཚུགས་ཤིང་། དེ་ནས་བཟུང་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་མ་དངུལ་ཞིང་ཆེན་བསྒྲལ་ནས་གཉེན་ཉེ་ལ་རོགས་སྐྱོར་བྱ་རྒྱུ་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་དོན་འཁྱོལ་བྱུང་ཡོད།
མི་སྒེར་གྱི་རྩིས་ཁྲ་ཞིང་ཆེན་ལས་བསྒྲལ་ནས་སྤྱོད་པ་ནི་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་མ་དངུལ་ཞིང་ཆེན་ཕྱིའི་འགན་བཅོལ་ལ་ཞུགས་མཁན་གཉེན་ཉེར་རོགས་རམ་བྱེད་པ་ཞིག་ཡིན། རྒྱལ་ཡོངས་གཅིག་གྱུར་གྱི་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་དབར་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཏེ་མི་སྒེར་གྱི་སྨན་བཅོས་འགན་བཅོལ་ལས་སྟེགས་ཁ་ཕྱེ་ནས་རོགས་སྐྱོར་བྱེད་མཁན་གྱིས་སྨན་བཅོས་འགན་བཅོལ་གྱི་ལས་སྟེགས་བརྒྱུད་རོགས་སྐྱོར་བྱ་ཡུལ་གྱིས་རོགས་སྐྱོར་བྱེད་པའི་དངུལ་འབོར་གཏན་འཁེལ་བྱེད་ཀྱི་ཡོད། རོགས་སྐྱོར་བྱ་ཡུལ་གྱིས་སྨན་རིན་སྤྲོད་དགོས་པ་བྱུང་ཚེ། རང་ཉིད་ཀྱི་རོགས་སྐྱོར་གྱི་དངུལ་འབོར་ནས་སྨན་རིན་བཏང་སྟེ་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་མ་དངུལ་དེ་ཞིང་ཆེན་བསྒྲལ་ནས་འགན་བཅོལ་ལ་ཞུགས་པའི་གཉེན་ཉེར་རོགས་སྐྱོར་བྱེད་ཐུབ་ཀྱི་ཡོད། མདོར་ན། སྨན་བཅོས་འགན་བཅོལ་གྱི་ལས་སྟེགས་ཀྱིས་ལས་བཟོ་མི་སྒེར་གྱི་རྩིས་ཁྲའི་མ་དངུལ་དེ་ཞིང་ཆེན་བསྒྲལ་ནས་ནང་མིར་གཏོང་ཆོག་པའི“མཉམ་སྤྱོད་དངུལ་འབོར”ལ་བསྒྱུར་ནས་ནང་མིས་སྨན་བཅོས་བྱེད་པ་དང་། སྨན་ཉོ་བ། འགན་བཅོལ་ནང་ཞུགས་ནས་སྨན་རིན་སྤྲོད་པ་བཅས་ལ་ཐད་ཀར་སྤྱོད་ཆོག་གི་ཡོད།
རིམ་སྤོར་བྱས་རྗེས་ཀྱི་སྨན་བཅོས་འགན་བཅོལ་གྱི་ལས་སྟེགས་པར་གཞི2.0ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་གང་ཡོད་ཅེ་ན།
གཅིག་ནས་ཞབས་ཞུ་སྒྲུབ་སྟངས་ཡག་ཏུ་སོང་ཡོད། སྨན་བཅོས་འགན་བཅོལ་གྱི་ལས་སྟེགས་པར་གཞི་2.0འདི་དེ་སྔ་དྲ་ཐོག་ནས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་APP(བཀོལ་སྤྱོད་ལས་རིམ)ཁོ་ནར་མ་གཏོགས་སྤྱོད་མི་ཐུབ་པ་ནས་གཏོང་སྤྲོད་འབོ་ཡི་བྱ་རིམ་ཆུང་ངུའི་བར་རྒྱ་ཆེར་སོང་བ་མ་ཟད། དྲ་ཕྱིའི་ལས་གཉེར་སྐར་ཁུང་སོགས་ཀྱི་ཐབས་ལམ་མང་པོ་བརྒྱུད་ཞིང་ཆེན་སྒྲོལ་བའི་རོགས་རམ་ལས་སྒོ་མུ་མཐུད་གཉེར་ཆོག་གི་ཡོད། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱིས་དྲ་ཐོག་ནས་མཉམ་སྤྱོད་འབྲེལ་བ་འཛུགས་པ་དང་དེ་མེད་པར་བཟོ་བ་དང་། དངུལ་གྲངས་བཀོད་སྒྲིག་དང་བེད་སྤྱོད། ལས་སྒོ་འདྲི་རྩད་སོགས་ཀྱི་བཀོལ་སྤྱོད་བྱེད་ཆོག་པ་མ་ཟད། དྲ་ཕྱིའི་སྐར་ཁུང་ནས་ལས་སྒོའང་གཉེར་ཆོག་གི་ཡོད།
གཉིས་ནས་བཀོལ་སྤྱོད་བྱེད་སྟངས་རྒྱ་ཆེར་སོང་ཡོད། སྔོན་ཆད་མཉམ་སྤྱོད་བྱེད་སྟངས་མང་པོ་ཞིག་འཕྲལ་མར་མི་སྒེར་གྱི་རྩིས་ཁྲ་ནས་བྱེད་ཀྱི་ཡོད་པ་མ་ཟད། སྨན་བཅོས་འགན་བཅོལ་གྱི་ལས་སྟེགས་པར་གཞི་1.0དེ་སྤྱི་འདོམས་ཁུལ་མི་ཉུང་བར་སྤྱོད་ཀྱི་ཡོད་ཀྱང་སྤྱོད་ཐེངས་དང་དངུལ་གྲངས་བལྟོས་བཅས་ཀྱིས་ཉུང་ཉུང་ཡིན། སྨན་བཅོས་འགན་བཅོལ་གྱི་ལས་སྟེགས་པར་གཞི2.0དེས་མཉམ་སྤྱོད་མ་དངུལ་སྤྱོད་པའི་ས་ཁོངས་ཀྱི་ཚོད་འཛིན་མེད་པར་བཟོས་ནས་དེ་སྔའི་ཞིང་ཆེན་ནང་ཁུལ་དུ་སྤྱོད་པ་ནས་ད་ཆའི་ཞིང་ཆེན་བསྒྲལ་ཏེ་སྤྱོད་ཆོག་པའི་བར་དང་། སྨན་བཅོས་དང་སྨན་ཉོ་བ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་ཡུན་རིང་ནད་གཡོག་འགན་བཅོལ་གྱི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་སྨན་རིན་འཇལ་བའི་བར་རྒྱ་ཆེར་སོང་ནས་མཉམ་སྤྱོད་བ་མི་སྒེར་གྱི་རྩིས་ཐོའི་མ་དངུལ་སྔར་བས་གང་འགབ་ཅི་སྤྱོད་ཐུབ་སྟེ་ཡུལ་གཞན་དུ་རོགས་སྐྱོར་བྱ་ཡུལ་གྱི་སྨན་རིན་ཁུར་པོ་ཡང་དུ་སོང་ཡོད།
གཏན་འབེབས་ལྟར་ན། མཉམ་སྤྱོད་བ་ནི་ཡིན་གཅིག་རྒྱུན་གཏན་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཞིག་ཡིན་དགོས་ལ། མཉམ་སྤྱོད་བ་དེའང་ཡིན་གཅིག་ཞིང་ཆེན་གཞན་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ལམ་ཡང་ན་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཞིག་ཡིན་དགོས་པའི་ཐོག་ངེས་པར་དུ་རོགས་སྐྱོར་བྱེད་མཁན་གྱི་གཉེན་ཉེ་ཡིན་དགོས། དེའི་ནང་བཟའ་ཟླ་དང་། ཕ་མ། བུ་ཕྲུག གཅེན་གཅུང་མིང་སྲིང་། སྤོ་བོ་དང་རྨོ་བོ། ཚ་བོ་ཚ་མོ། ཡང་ཚ་བཅས་ཚུད་ཡོད། དེ་མིན་གྱི་མི་གཞན་དག་རོགས་སྐྱོར་བྱ་ཡུལ་དུ་བཅུག་མི་ཆོག སྨན་བཅོས་འགན་བཅོལ་གྱི་ལས་སྟེགས་པར་གཞི་2.0དེའི་བདེ་འཇགས་དོ་དམ་ཚོད་འཛིན་བྱེད་སྟངས་མཐོ་རུ་བཏང་ནས་ཐོབ་ཐང་ལ་ཞིབ་བཤེར་དང་། རོགས་རམ་གྱི་འབྲེལ་བ་འཛུགས་པ། རོགས་རམ་གྱི་དངུལ་གྲངས་ལ་དོ་དམ་ཚོད་འཛིན་བྱེད་པ་སོགས་ཀྱི་ནུས་པ་ཆེ་རུ་བཏང་སྟེ། མཉམ་སྤྱོད་བ་གཉེན་ཉེ་ཡིན་དགོས་པ་དང་། དངུལ་གྲངས་ཡང་བསྐྱར་སྤྱོད་མི་ཆོག་པ་གཏན་འཁེལ་ནན་པོ་བྱས་པ་མ་ཟད། ཞིང་ཆེན་སྒྲོལ་བའི་སྨན་བཅོས་འགན་བཅོལ་མ་དངུལ་གྱི་བསྡོམས་རྩིས་དང་ཞིབ་རྩིས་ཚད་གཞི་འཐུས་ཚང་དུ་བཏང་ནས་རྒྱུན་གཏན་མིན་པའི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ལ་འགན་ལེན་བྱས་ཡོད།
མི་སྒེར་གྱི་རྩིས་ཁྲ་ཞིང་ཆེན་བསྒྲལ་ནས་མཉམ་སྤྱོད་བྱེད་པ་དང་མཉམ་སྤྱོད་ཀྱི་འབྲེལ་བ་འཛུགས་རྒྱུ་ནི་འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་བཅོས་འགན་བཅོལ་གྱི་ལས་སྟེགས་པར་གཞི་2.0སྤྱོད་པའི་རྨང་གཞི་ཡིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མི་སྒེར་གྱི་རྩིས་ཁྲ་ཞིང་ཆེན་བསྒྲལ་ནས་མཉམ་སྤྱོད་བྱེད་པར་དྲ་ཐོག་ནས་མཉམ་སྤྱོད་བྱ་རྒྱུའི་རེ་ཞུ་བྱས་ཏེ་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་APPདང་ཡང་ན་གཏོང་སྤྲོད་འབོ་ཡི་བྱ་རིམ་ཆུང་ངུར་སྒེར་གྱི་ཁས་ལེན་ཡི་གེར་མིང་རྟགས་འགོད་དགོས་པ་མ་ཟད། གཉེན་ཉེ་དང་རོགས་སྐྱོར་གྱི་འབྲེལ་བ་འཛུགས་པ་དང་རོགས་སྐྱོར་བྱེད་པའི་དངུལ་གྲངས་གཏན་འཁེལ་དང་དྲ་ཕྱིར་རོགས་སྐྱོར་མཁན་གྱིས་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ས་ཡུལ་དངོས་ལ《ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་ཁྱིམ་ཚང་གི་རོགས་སྐྱོར་ཁས་ལེན་ཡི་གེར》མིང་རྟགས་ཀྱང་འགོད་དགོས་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།