མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས།
སྒོར་ཁྲི་72བཏང་ནས་འབྲོག་པའི་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ།
ས་བབ་མཐོ་ཁུལ་གྱི་མང་ཚོགས་ཀྱི་སྨན་བཅོས་བྱེད་དཀའ་བ་དང་ལམ་ཐག་རིང་བ་སོགས་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། སྒེར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གནད་སྨིན་ཇུས་འགོད་དང་འབེན་གཏད་ཤུགས་འདོན་བྱས་ཏེ། མ་དངུལ་སྒོར་ཁྲི་72བཏང་ནས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི“ཆུང་ལ་མཛེས་པའི”དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ་དང་། ཚད་ལྡན་ཅན་གྱི་སྒྱུར་བཀོད་དང་ཁྱོན་ཡོངས་ལ་ཁྱབ་པའི་གསོ་རླུང་སྨན་བཅོས་ཞབས་ཞུ་སོགས་ཀྱི་བྱ་ཐབས་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱིས་སོ་སོའི་སྒོ་རྩར་སྟབས་བདེ་དང་དྲོ་སྐྱིད་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་པ་རེད།
གཞི་རིམ་འཕྲོད་བསྟེན་ཁང་ནི་མང་ཚོགས་ཀྱི་བདེ་ཐང་སྲུང་བའི“མཐའ་མའི་འགག་གནད”ལྟ་བུ་ཡིན། སྒེར་རྩེ་རྫོང་གིས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བླང་བྱར་ནན་པོར་གཞིགས་ནས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་24ཡི་འཕྲོད་བསྟེན་ཁང་རིམ་སྤོར་སྒྱུར་བཀོད་བྱས་པས་ནད་བརྟག་ཁང་དང་། སྨན་བཅོས་ཁང་། སྨན་རྫས་ཁང་བཅས“ཁང་གསུམ་ལོགས་དབྱེ”ཐུབ་ཡོད་པ་རེད། ཐེངས་འདིའི་སྒྱུར་བཀོད་བརྒྱུད་སྔོན་ཆད་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གི་སྒྲིག་བཀོད་ཐབས་ཆག་དང་ནད་བརྟག་སྨན་བཅོས་ཚད་ལྡན་མིན་པ་སོགས་ཀྱི་རྣམ་པར་འགྱུར་ལྡོག་བྱུང་ནས། གཞི་རིམ་གྱི་སྨན་བཅོས་ཁོར་ཡུག་ལེགས་སུ་ཕྱིན་ཏེ་གྲོང་ཚོ་རིམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།