ཡོམ་ཁུལ་གྱི་མཚན་མོ་དང་པོར་རྒན་ལགས་ཀྱིས་དྲོ་སྐྱིད་ཡོད་ཚད་སློབ་མ་ཚོར་སྦྱིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འཐབ་ས་དང་པོའི་འཕྲིན་སྤེལ་ཚོགས་ཆུང་གིས།
ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་ཡོམ་ལྟེ་དམར་རུ་ཤང་དང་གངས་ཆེན་ཤང་གི་ཉེ་འགྲམ་དུ་འཁེལ་ཡོད། ཡོམ་ལྟེ་དང་བར་ཐག་སྤྱི་ལེ་50ལྷག་ཙམ་ཡོད་པའི་སྦྲ་ཆེན་རྫོང་སློབ་འབྲིང་གཉིས་པར་ཞག་སྡོད་དགེ་སློབ་ཆིག་སྟོང་ལྷག་ཙམ་གྱིས་དྲོད་ཚད་ཀླད་ཀོར་འོག་ཏུ་སླེབས་པའི་གྲང་ངར་ཆེ་བའི་མཚན་མོར་ཛ་དྲག་ངང་གནས་སྤོ་བྱས་པས་མི་གཅིག་ལའང་རྨས་སྐྱོན་ཕོག་མེད།
ས་ཡོམ་རྒྱག་དུས། རྒན་ཀྲུའུ་ཕིང་ལགས(མིང་ཚབ)ཉལ་ཁང་གི་ཐོག་བརྩེགས་ཁང་ཆེན་ནང་ངལ་གསོ་རྒྱག་སྐབས་སྔོན་ལ་མེ་འཁོར་བསྐྱོད་པའི་འུར་སྒྲ་ལྟ་བུ་ཞིག་ཐོས་པ་དང་དེ་རྗེས་ཉལ་ཁྲི་ཡམ་ཡོམ་བྱས་པས། ཁོང་གིས་སྟོད་གོས་མཐུག་པོ་གྱོན་ཁོམ་ཡང་མ་བྱུང་བར་ལག་ཐོགས་ཁ་པར་བླངས་ཏེ་སྐར་མ་10ཡི་ནང་ཉལ་ཁང་ནས་སློབ་གྲྭའི་ལུས་རྩལ་ཐང་དུ་བསྐྱོད་དེ་འཕྲལ་མར་སློབ་མ་ཁ་འགྲེམས་ཀྱི་ལས་ལ་གཞོལ།
ན་ནིང་སློབ་མ་བསྡུ་འགོ་ཚུགས་པའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་པའི་སྦྲ་ཆེན་རྫོང་སློབ་འབྲིང་གཉིས་པར་ད་ཆ་དམའ་འབྲིང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་ཆིག་སྟོང་ལྷག་ཙམ་ཡོད། ལས་རེས་རྒན་ལགས་ཀྱིས་འཕྲལ་དུ་སློབ་མ་ཚང་མ་སྒྲིག་འཛུགས་བྱས་ཏེ་ཉལ་ཁང་ནས་ཐང་ཆེན་དུ་སྤོས་པ་དང་། དེ་གར་ཡོད་པའི་དགེ་རྒན་100ལྷག་ཙམ་གྱིས་འཕྲལ་མར་ལས་བགོས་བརྒྱབ་སྟེ། འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་མ་རེ་རེ་བཞིན་མིང་འདོན་བྱས་པ་དང་། དགེ་རྒན་ཁག་གཅིག་ཐང་ཆེན་དུ་བསྡད་དེ་སློབ་མར་སེམས་གསོ་བཏང་བ། དེ་བྱིངས་ཚང་མས་ཡོམ་འཕྲོའི་ཉེན་ཁར་མ་འཛེམས་པར་ཉལ་ཁང་ཁུལ་དུ་ལོག་ནས་ཉལ་ཆས་ལེན་པར་བསྐྱོད། ཚེས་23ཉིན་གྱི་ཐོ་རེངས་ཀྱི་ཆུ་ཚོད་དང་པོ་ཙམ་ལ་ཀམ་པ་ལི་དང་ཉལ་ཆས་ཚང་མ་ཐང་ཆེན་དུ་དབོར་ཟིན་ཡོད།
གྲང་ངར་ཆེ་བའི་མཚན་མོར་ཕྲུ་གུ་ཁ་ཤས་ཀྱིས་ཉལ་ཆས་གཅིག་མཉམ་དུ་གྱོན་ནས་དྲོད་ཁུག་ཐབས་བྱས། དགེ་རྒན་ཚོས་ཀྱང་མི་གྲངས་ཞིབ་བསྡུར་ཡང་ཡང་བྱས་པ་བརྒྱུད་སློབ་གྲྭ་ཡོངས་ཀྱི་སློབ་མ་ཚང་མ་བདེ་འཇགས་ཡིན་པ་ཤེས། ཐོ་རེངས་ཀྱི་ཆུ་ཚོད་གཉིས་པར་སྦྲ་གུར་ཁག་དང་པོ་སློབ་གྲྭར་དབོར་སྐབས་ཕྲུ་གུ་མང་པོ་ཕན་ཚུན་བསྙེས་ནས་གཉིད་དུ་ཡུར་ཡོད་པས། ཁོང་ཚོས་ཐང་ཆེན་གྱི་མཐའ་འཁོར་དུ་གུར་བརྒྱབ་པ་དང་ཆབས་ཅིག ལས་རེས་ལམ་ལུགས་ལག་ལེན་བསྟར་ཏེ་མཚན་གང་སློབ་མར་ལྟ་རྟོག་བྱས་ནས་བསྡད།
ནམ་ལངས་རྗེས་སློབ་གྲྭའི་ཟ་ཁང་གིས་སྔར་རྒྱུན་བཞིན་དགེ་སློབ་ཚོར་ཞོགས་ཟས་གྲ་སྒྲིག་བྱས་པ་མ་ཟད། སློབ་གྲྭས་ཀྱང་སློབ་མ་སློབ་གྲྭ་ནས་ཁ་འབྲལ་སྐབས་ཀྱི་བདེ་འཇགས་གྲོས་མཐུན་ཡི་གེ་བཟོས་ནས་ཁྱིམ་བདག་ལ་ཕྲུ་གུ་གོ་རིམ་ལྡན་པའི་ངང་བསུ་རྒྱུའི་བཀོད་སྒྲིག་བྱས། ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཤང་དང་གྲོང་རྡལ་ཁག་གཅིག་ལ་འགྲོ་ལམ་འགྲིམ་འགྲུལ་བཀག་སྡོམ་བྱས་སྟབས། ཁྱིམ་བདག་གིས་དུས་ཐོག་ཏུ་ལེན་ཐབས་བྲལ་བའི་སློབ་མ་དག་མཚན་མོ་དེ་རང་ལ་བརྒྱབ་པའི་གུར་ནང་བཀོད་སྒྲིག་འོས་འཚམ་བྱས་ཡོད། ཚེས་23ཉིན་སྦྲ་ཆེན་རྫོང་སློབ་འབྲིང་གཉིས་པས་སློབ་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་སློབ་ཁྲིད་སླར་གསོའི་དུས་ཚོད་འབྲེལ་ཡོད་སྡེ་ཚན་གྱི་བརྡ་ཐོ་གཞིར་བཟུང་གཏན་འཁེལ་བྱ་རྒྱུ་རེད།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སྦྲ་ཆེན་རྫོང་སློབ་འབྲིང་དང་པོ་དང་སྟེང་ཆེན་རྫོང་སློབ་འབྲིང་གི་དགེ་རྒན་ཚོས་ཀྱང་འཕྲལ་དུ་སློབ་མ་ཡོངས་སྒྲིག་འཛུགས་བྱས་ཏེ་ཕྱི་རོལ་དུ་གནས་སྤོ་བྱས་ནས་སློབ་མའི་བདེ་འཇགས་འགན་ལེན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།